པར་ལེན་མཁན། སེར་བྱེས་པར་ལས་སྡེ་ཚན།
ཀ་མད་སུམ་ཅུ་བསྟར་ལ་བརྒྱུས་ཏེ་ངག་གི་སྒྱུ་རྩལ་ཡང་ཡང་མངོན། །
ཁ་བའི་ལྗོངས་སུ་ཁ་ལས་རླུང་རྟ་མཁའ་ལ་འཕུར་བའི་གཏམ་རྒྱུད་ཐོས། །
ག་བར་བཞུགས་ན་རྩོམ་རིག་བུ་མོར་འཐམ་འཛིང་གནང་བ་ཐུགས་གཤིས་ཉིད། །
ང་ཡིས་བལྟས་ན་དགེ་བཤེས་ཁོང་ལ་རེ་དོག་ཅི་ཡང་མ་མཆིས་སོ། །
ཅ་དངོས་སྲེད་པའི་དབང་དུ་མ་སོང་རས་རྐྱང་འོག་ན་འཛུམ་གྱི་གང་། །
ཆ་མེད་རྒྱུས་མེད་སུ་ཞིག་ཡིན་རུང་དགོད་སྤྲོའི་གཏམ་གྱིས་བསུ་བ་གནང་། །
ཇ་མངར་འཛོམས་པའི་ཁང་ཆུང་རེ་ན་རིས་མེད་གྲོགས་ཀྱིས་བསྐོར་ནས་ཡོད། །
ཉ་ཉོག་ལུང་གཏམ་ཅི་ཞིག་བཤད་ཀྱང་དགའ་སྡུག་མེད་པའི་དགེ་སློང་ཞིག །
ཏ་ལེ་གསོན་དང་བེ་རུའི་དགེ་བཤེས་དགེ་མཐོང་བདག་གིས་བཞེངས་ངེས་ཡིན། །
ཐ་ཤུལ་སྐྱེ་བོའི་རྣམ་རྟོག་ངོར་ལ་པ་ལོའི་འཚང་ཁ་ཆེ་ན་ཡང་། །
དད་ལྡན་སློབ་མའི་སྣང་ངོ་དག་ན་ཤཱ་ཀྱའི་དགེ་སྦྱོང་གཙང་མ་ཞིག །
ན་གཞོན་རྣམས་ཀྱིས་ཞིབ་ཏུ་གཟིགས་དང་ལ་དྭགས་གྲྭ་བའི་བཟོ་ལྟ་ཡོད། །
པ་བའི་ཐོབ་ཐང་བཙན་གྱིས་མི་རྩོད་བརྡ་སྤྲོད་གཞུང་ལ་བསྟུན་ནས་འབྲི། །
ཕ་རོལ་མི་ལ་སྡང་སེམས་མི་བསྐྲུན་ཐབས་མཁས་བདེ་བོའི་ལམ་ཁ་མཆིས། །
བ་གླང་དུད་འགྲོའི་རང་གཤིས་དེ་ནི་ཏིལ་འབྲུ་ཙམ་ཡང་མ་མཆིས་པས།
མ་རུང་མི་འོས་གནོད་པའི་རིགས་ལ་གཡོ་སྒྱུའི་ལུས་ངག་འགུལ་མྱོང་མེད། །
ཙ་གེ་ཙིག་གེའི་ནོར་འཆུག་མེད་ཅེས་བདག་གིས་ནམ་ཡང་སྨྲ་མི་ནུས། །
ཚད་ལས་བརྒལ་པ་མི་སྲིད་ཅེས་པའི་ཡིད་ཆེས་གཙང་མ་ཕྲན་ལ་ཡོད། །
ཛ་ཧུའི་བུ་མོའི་ཉེ་ས་ཞིག་ན་མཛད་འཕྲིན་ཤིན་ཏུ་རྒྱས་པ་དང་། །
ཝཱ་རཱ་ཎ་སཱིའི་མཐོ་སློབ་དེ་རུ་ཁ་རྗེ་དབུ་འཕང་ཇེ་མཐོར་ཕྱིན། །
ཞཱ་སེར་བསྟན་པའི་སྤྱི་ཟུར་ཁྱེད་ཀྱིས་དགོན་སྡེ་མང་བོའི་གདན་རབས་བརྩམས། །
ཟ་འོག་གོས་ཀྱི་འབུལ་བ་མ་བཞེས་ལྷག་བསམ་དག་པས་བརྩམས་པ་ལེགས། །
འུ་ཅག་བོད་ལ་དགེ་བཤེས་མང་ཡང་སུམ་རྟགས་ཟུང་ནི་སེམས་ན་མེད། །
ཡ་རབ་སྤྱོད་བཟང་ཁ་ནས་སྨྲ་ཡང་རང་གིས་ལག་ལེན་བསྟར་མི་སྲིད། །
རྭ་བསྡུས་མཁན་བསྡུས་སོགས་ལ་སྦྱང་བའི་རང་གི་ང་རྒྱལ་རི་ལས་མཐོ། །
ལ་རྒྱའི་སེམས་པ་ཟུར་ན་མེད་པའི་ཞྭ་སེར་རྗེས་འཇུག་འདི་དག་སྐྱོ། །
ཤ་ཁྲག་མང་བོ་ལོངས་སུ་སྤྱོད་པའི་ཤ་ཟའི་དཔེ་ཟླ་གཉིས་པ་ཞིག །
ས་སྟེང་འདི་ན་བོད་པ་མ་གཏོགས་སེར་མོ་སུ་གང་མ་མཆིས་སོ། །
ཧ་ཧ་ཧེ་ཧེ་ཀུ་རེ་གཏམ་ལ་རྒྱུན་ཆད་མེད་པའི་དགེ་བཤེས་ལགས། །
ཨ་ཨ་དེ་རིང་བདག་གིས་ཁྱེད་ལ་ཨུ་ཚུགས་བྱས་ཏེ་གཏམ་འདི་སྨྲས། །
ཧ་ལམ་ད་ཐེངས་ངེད་གཉིས་མཇལ་བའི་ཁ་བརྡ་འདི་ལས་ལྷག་མེད་པས། །
ཨ་རིག་གླེན་པའི་མིད་པའི་སྒོ་ནས་བེ་རུའི་ཕྱོགས་སུ་ཐལ་བས་སོ། །
གསལ་བཤད། འདི་ནི་ཉེ་ཆར་སེར་བྱེས་གྲྭ་ཚང་གི་གོ་སྒྲིག་འོག་འཚོགས་པའི་བརྡ་སྤྲོད་རིག་པའི་བགྲོ་གླེང་སྐབས་སུ་རྒན་བེ་རུ་ཁོང་གིས་ངེད་གཉིས་ཀྱིས་ལྷན་དུ་པར་ཞིག་ལེན་གསུངས་པ་ལྟར་བླངས། དེ་རིང་ཁོང་ལ་པར་དེ་གཅིག་པུ་བསྐུར་ན་འོས་འཚམ་མ་རེད་སྙམ་སྟེ་ཀ་རྩོམ་ཞིག་དང་ལྷན་དུ་སྤྲིངས་པའོ། །