མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
སྒོ་ཡོན།
http://blog.amdotibet.cn/gaoyong/index.aspx
ཕྲེང་བསྟར།
སྒོ་ཡོན་གྱིས་སྒོ་ཤེར་གླེང་བ།(དྲྭ་རྩོམ)
རྩོམ་པ་པོ།:gaoyong སྤེལ་དུས་:2011-7-14 16:57:24

 

         

     ༈ མཉན་དུ་རི་བའི་སྐད།

         —སྒོ་ཤེས་རབ་ལགས་ཀྱི«རྒྱུན་ཤེས་དང་ལམ»མཚམས་སྦྱོར་བ།

 

གཅིག

དུས་དང་གནས་ཀྱི་ལན་ནམ་བརྡ་དང་རེ་བའི་ལན་གང་གིས་ཡིན་པར་མ་ངེས་མོད།ལོ་ངོ་འདི་དག་ལ་རང་ཅག་བོད་ཀྱི་གྲྭ་བཙུན་པའི་སྡེ་རུ་ཡང་བོད་ཡིག་གི་རྩོམ་སྟེགས་ཆུང་ངུ་འདིར་དོན་དམ་གྱིས་གདན་ཐོབ་ངེས་ཅན་བླངས་ཡོད་པའི།རྩོམ་ལུས་སྣ་མང་གི་ཚོན་རྩི་བཟོ་བའི་རྩོམ་པ་བོ་འགའ་ཞིག་སྐུ་བལྟམས་ནས་འདུག་ལ།ཁོང་ཚོར་སྲིད་གཞུང་གང་གིས“བོད་རིག་པ་ཞུབ་འཇུག”གི་ཁེ་ཐོབ་སྤྲད་པ་དང་དགོན་པ་རེ་ཟུང་གི“གྲུབ་མཐའ”ཁོ་ན་རྗེས་སྐྱོང་བྱེད་པའི་ལྕགས་ཐག་བསྐོན་པས་འགྱུར་མེད་ཀྱི་དམ་ཚིག་ཏུ་འཚོ་བའི་ར་བ་ལས་རྒྱང་དུ་བརྒལ་ནས།མདུན་རྒྱབ་དང་རང་གཞན་ཐམས་ཅད་གཞུང་མི་སྒེར་བ་གཅིག་གི་ཁུངས་སུ་བསྡུ་རྒྱུ་ཡིན་པའི་གདུགས་ཆེན་གྱི་མཐའ་མཚམས་ནས་ཕྱིར་འཁོར་བཞིན།མི་ལོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་མཁར་རྙིང་དེ་ལ་མཁས་པ་དགེ་ཆོས་ཁོ་ན་ལས་སུས་ཀྱང་ཐུག་རེག་མ་ཕོད་པའི་དཔའ་རྟུལ་གྱི་རྣམ་པ་དེར་སླར་ཡང་ཐེངས་གཅིག་འཇུ་བའི་འགྲོ་ལམ་ལ་ཞུགས་པ་རེད།

དེ་དག་ནི་དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་བ་ནས“འབོལ་རྩོམ”གྱི་གཏར་གྲི་མཁའ་ལ་འཕྱར་ཏེ།ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དུ་གྲགས་པ་ཐུབ་པ་སངས་རྒྱས་ཀྱི་ཡིན་མིན་དང་བོད་ལ་ཕོ་མོའི་འདྲ་མཉམ་དང་དགོན་སྡེ་ལམ་གཙང་ཞིག་རྦད་དེ་མེད་ལུགས་སོགས་ཀྱི་སྐད་ཆ་སྔ་ཤོས་བཤད་པའི་བོ་ཐར་བཀྲ་ཤིས་ཆོས་འཕེལ་ལགས་དང་།དཔྱད་བརྗོད་པ་རྒན་བདུད་ལྷ་རྒྱལ་སོགས་ཀྱི་སོ་མིག་ཏུ་མ་གྱུར་ཅིང་།«སྡོམ་པ་སྲུང་བ»དང«བཙུན་ཡག»རྣམས་ཀྱི་མཚོན་ཚུལ་བྱུགས་པ་ལས་ཀྱང་བརྒལ་ཏེ།བོད་ཀྱི་རབ་བྱུང་བའི་འཚོ་བ་དངོས་མཚོན་པའི«ངུར་སྨྲིག་མཚོ་ཀློང་གི་ཕྱིར་མིག»དང«ང་ཡི་སང་ཉིན»(སྒྲུང་གཏམ་འདི་དག་ཐད་ཀྱི་འཆར་སྣང་སྐོར་ཞིག་གཞན་དུ་འཆད་འདོད་ཡོད་པས་དེར་གཟིགས་འཚལ)སོགས་ཀྱི་སྒྲུང་གཏམ་ཐུང་འབྲིང་བཅུ་ཕྲག་ལྷག་བཞེངས་བསྐྲུན་བྱས་པའི་བཙུན་པ་འགར་རྩེ་འཇིགས་མེད་ལགས་དང་།བོད་མིའི་རྣམ་ཤེས་ཀྱི་སྦུབས་ལ་དྲག་ཏུ་བཞུར་བའི་ཆོས་ལུགས་གྲུབ་མཐའི་ཚ་གཅུན་མཐའ་དག་ལ་དེ་སྔ་སུས་ཀྱང་འཕྱར་ཐུབ་མེད་པའི་རྣོ་གྲི་ངར་མ་འཆང་བའི་ཚ་སྒང་བློ་གྲོས་དཔལ་ལྡན་ལགས།དེ་བཞིན་ཆོས་ལུགས་ཀྱི་ཐོབ་སྟེགས་ཁོ་ནར་འགྱིང་ནས་རྒན་པ་ཞིག་གི་བཟོ་ལྟ་མ་བསྟན་པར།སྐད་དོན་དམའ་སར་བབས་ནས་བོད་ཀྱི་གནས་སྟངས་ལ་ཟུར་ངོས་འགའ་རེ་ནས་ཐུགས་ཁུར་ཆེས་ཆེར་མཛད་ཀྱིན་ལོ་རྒན་ཡང་སེམས་མ་རྒས་པའི་ར་སེ་དཀོན་མཆོག་རྒྱ་མཚོ་སོགས་ཀྱིས་མཚོན་ཏེ།གྲྭ་བའི་སྤྱི་ཚོགས་སུ་དུས་རབས་དང་མི་རིགས།རང་བྱུང་བ་དང་རང་ཉིད་བཅས་ཀྱི་བདེ་སྡུག་ལ་དགོངས་པ་མཐོ་ས་ནས་ཕྱོགས་པའི་བཙུན་པ་འགའ་ཞིག་ཚ་འུར་དང་བཅས་ཏེ་བོད་ཡུལ་འདིར་འཁྲུངས་ཡོད་ཅིང་།ཁོང་ཚོའི་སྐུ་གསུང་ཐུགས་གསུམ་ལས་འོད་དུ་འཕྲོས་པའི«བོད་ཀྱི་ཤེས་རིག་གླེང་བའི་འབོལ་རྩོམ»དང«བཙུན་པའི་འཚོ་བ»«ལོག་རྟོགས་སྙིང་སྟོབས»«དེང་རབས་ཆོས་ལུགས་པའི་སྨྱོ་གར»རྣམས་ཀྱང་བོད་མི་མིག་ལྡན་དག་གི་མཆོད་ཀོང་ན་གཟི་མདངས་ཀྱི་འཚེར་འདུག་པས།སྐབས་འདིར་འཆད་བྱའི་སྒོ་ཤེར་རབ་རྒྱ་མཚོ་དང་ཁོང་གི་སྒེར་དེབ་གཉིས་པ«རྒྱུན་ཤེས་དང་ལམ»ཡང་དེ་དག་ལས་མ་འདས་སོ།།

གཉིས།

སྒོ་ཤེས་རབ་རྒྱ་མཚོ་ཞེས་པའི་མིང་འདི་ཁོ་བོས༠༧ལོའི་ལོ་མཇུག་ཏུ་ཟི་ལིང་གི་དཔེ་ཁང་ཞིག་ནས་གསར་དུ་མཐོང་ཐོས་སུ་གྱུར་པ་ཡིན་ལ།ཉིན་དེ་ནི«ང་ཚོ་སད་རན»དཔེ་འགྲེམ་བྱས་པའི་ཉིན་མོ་ལྔ་བ་དེར་ཁེལ་འདུག།དང་ཐོག“སྒོ”ཡི་ཚིག་དེ་མཐོང་འཕྲལ་ཁོ་བོས་དེ་སྔོན«སྦྲང་ཆར»དང«ཀུར་གུམ་ཆུན་པོ»སོགས་སུ་སྒོ་ཡོན་ཏན་བཟང་བོ་ཞེས་སྤྱད་པ་དེས་ཤུགས་རྐྱེན་འདྲ་བྱིན་པ་ཡིན་ནམ་སྙམ་པའི་སྣང་བ་ཞིག་ཡིད་ལ་འཁོར་མོད།རྗེས་སུ་རང་གི་དཔེ་སྒྲོམ་ལས«ཀུར་གུམ་ཆུན་པོ»འདོན་ཐེངས་དྲུག་པ་ཞིག་རྙེད་པ་དེར།ཁོང་གིས་སྲོལ་རྒྱུན་སྙན་ངག་གི་རྩོམ་ལུས་ཀྱིས་བྲིས་པའི་འཇམ་དབྱངས་བསྟོད་པ་ཞིག་ཏུ་སྒོ་ཤེས་རབ་རྒྱ་མཚོ་ཞེས་སྔ་ས་ནས་སྦྱར་འདུག་པས་མི་ཚད།ཁོ་བོ་སྒོ་ཆེན་ནས་ཡིན་པ་བཞིན་ཁོང་ཉིད་ཀྱང་སྒོ་མང་ནས་ཡིན་པའི་དབང་གིས་སོ་སོའི་དགོན་མིང་གིས་བཏགས(ཁོང་གི་རུས་སྒོ་རའམ་སྒོ་སྔུན་ཡིན་པས‘སྒོ’ཞེས་བཏགས་ཀྱང་བཤད་ཀྱིན་འདུག)ཡོད་པས་ན།སྔར་གྱི་དོགས་པ་ཆུང་ངུའི་མདུད་རྒྱ་ཡང་ཡོངས་སུ་གྲོལ།

དེ་བཞིན«ང་ཚོ་སད་རན»ལའང་མགོ་མཇུག་མེད་པར་ཚར་གཅིག་བཀླགས་པ་ཡིན་ལ།དེབ་དེར་ཁོང་གིས་རབ་བྱུང་བའི་ངོས་ནས་འདས་པའི་གནད་དོན་གང་མང་ལ་འགྱོད་བཤགས་ཞུ་དགོས་པ་དང་།ཆོས་སྲིད་འགལ་འབྲེལ་གྱི་ལྟ་ཚུལ་འོག་ནས་བསམ་བློ་རང་དབང་དང་ལྟ་ཚུལ་མཉམ་གནས་ཀྱི་ཞིང་ས་ཞིག།བོད་ཀྱི་དགོན་ལམ་དུ་འབུས་དགོས་པའི་རེ་སྐུལ་ཤུགས་ཆེན་བྱས་པའི་སྤོབས་སེམས་དང་མིག་རྒྱང་དག་གིས་ཁོང་ལ་རང་བཞིན་གྱིས་གུས་བརྩི་བླ་ལྷག་ཤོར་ཞིང་།བརྩམས་ཆོས་སྤྱིའི་བརྗིད་བརླིང་དང་འབྲི་ཐབས་དག་གིས་བོད་ཀྱི་འབོལ་རྩོམ་ལམ་ལུགས་ལ་བཀྲགས་མདངས་གསར་བ་ཞིག་སྦྱིན་ཡོད་པར་སྙམ།

དེ་ལྟ་ན་ཡང་།དེབ་ཀྱི་ཐོག་མཐའ་བར་གསུམ་དུ“སྒམ་དཀྱེལ”བརྒྱ་ལྷག་ཅིག་བཟླས་མཐར་རྒྱ་གྲོལ་དང་བཛྲ་ཚུལ་ཁྲིམས་རྣམ་གྱི་སྟེང་ལ“སྐྱག”འབོད(<ང་ཚོ་སད་རན>གྱི་ལྡེབ་ངོས༢༣༣དང༢༥༡སོགས་སུ་གསལ)འདོད་འདོད་ཅིག་བྱས་པ་དེ་ཉིད་འོས་འཚམ་དུ་མི་རིགས་ཏེ།གཞུང་ལུགས་ཁོ་ན་དང་ལྷམ་བསམ་རྐྱང་བའི་འདབ་གཤོག་ཡངས་ནའང་ཡོད་ཚད་ཆོས་ལུགས་ཁོ་ནས་ཐག་གཅོད་པའི་རྒྱ་གྲོལ་དང་ཚུལ་ཁྲིམས་རྣམས་ཀྱིས་སྔར་ཡང་དེ་ལྟར་བཤད་མྱོང་ལ་ད་ཡང་དེ་ལྟར་བཤད་པ་རེད།དེ་ནི་ཁོང་ཚོའི་རིགས་ཀྱིས་རྒྱུན་ལྡན་གྱི་བཤད་བྱ་དང་རུས་སུ་ཟུག་པའི་བསམ་བློ་ཡིན་པས།“ཆོས་ལུགས་ལ་དགག་པ་ཡ་མཚན་བརྒྱབ་སོང”(<ང་ཚོ་སད་རན>གྱི་ལྡེབ་ངོས༢༤༩བར་གསལ)ཙམ་ལ་གློ་བུར་དུ་ཧང་སང་དགོས་དོན་གཏན་ནས་མེད་ཁར།དེ་བས་ཀྱང་འཇིགས་སུ་རུང་བའི་ཞྭ་ཆེན་གནམ་དང་རི་འདྲ་བ་བསྐོན་པའང་ཆོས་ཉིད་དུ་ངེས་ཕྱིར།“ཀུན་སྤྱོད་ནི་ཐམས་ཅད་ཀྱི་རྨང་གཞི་ཡིན་ལ།བདེན་པ་ནི་ཀུན་སྤྱོད་ཀྱི་ངོ་བོ་རེད།དེ་བས་བདེན་པ་འཐོབ་སྙེག་བྱེད་པའི”(གན་དྷིའི་གསུང་ཚིག)ཁོང་ལ“ཆོས་ལུགས་ལ་དགག་པ་ཡ་མཚན་བརྒྱབ་སོང”བའི་ལྟ་ཚུལ་ཙམ་ཡང་འདོན་ས་མེད་པར་ཕྱིར་འཁོར་ནས་དེ་ལས་ཀྱང་འཇིགས་པའི“དམར་དམག”(<ང་ཚོ་སད་རན>གྱི་ལྡེབ་ངོས༢༦༢བར་གསལ)གི་ཞྭ་ཆེན་རྭ་རྒྱའི་སློབ་གླིང་དུ་ཤོང་དཀའ་བས་འཁོན་ལན་བསློགས་པའམ་སྐྱིན་ཚབ་བླངས་པ་ནི།བརྡེགས་ཀྱང་སླར་མི་བརྡེག་པ་དང་གཤེ་ཡང་སླར་མི་གཤེ་བར“རིག་གནས་ཀྱི་ཁོར་ཡུག་གཙང་ཡངས”ཤིག་ལ་འབད་པ་དྲག་པོ་གནང་བའི་ཁོང་གི་ལས་དང་ལམ་གྱི་ནག་ཉེས་ཆེ་ཤོས་ཤིག(འདི་དང་འདི་འདྲའི་སྐད་ཆ་གཞན་འགའ་ཞིག་ཀྱང་འཆད་དུ་ཡོད་ཀྱང་།སྐབས་སུ་མ་བབས་པའམ་འདས་ཟིན་པའི་དོན་གནད་ཡིན་ཕྱིར་འདིར་མི་སྤྲོའོ)ཏུ་མི་བརྩི་ཀ་མེད་རེད་སྙམ།

འོན་ཏེ།«ང་ཚོ་སད་རན»གྱི་མཛེས་སྡུག་གིས་བོད་ཀྱི་གྲྭ་གཞོན་གང་མང་ལ་སྔར་མེད་ཀྱི་སད་རྟོགས་བྱུང་དུ་བཅུགས་པ་དང་།དགོན་པའི་གནས་དང་གྲོང་བའི་ཡུལ་གྱི་བྱ་སྤྱོད་ཐམས་ཐད་ཐ་དད་དུ་འགྲོ་བར་འབོད་སྐུལ་བགྱིས་པས།དེ་རིང་གི་བོད་ཀྱི་ཆ་ནས་ཁོང་གི་དེབ་དེའང་མ་བཀླག་ཐུ་མེད་ཀྱི་གནས་སུ་མི་བརྩི་ཀ་མེད་དུ་གྱུར་ཡོད་པར་འདོད་ལ།དེ་རིང་ད་དུང་ཡང«ང་ཚོ་སད་རན»མཐོང་ཐོས་མ་གྱུར་པའི་བོད་ཀྱི་དཔེ་ཀློག་ལ་མི་དགའ་བའི་རིགས་དག་གིས་དེབ་རྙིང་དེ་ཐེངས་ཤིག་བཀླག་ན་དགའ་བ་ལ།

གསུམ།

སྤྱིར་བཏང་ལོ་ངོ་འདི་དག་གི་རིང་ལ་དཔའ་དང་བདེན་པས་ཕྱུག་ཅིང་འབྱོར་བ་དང་གྲགས་སྐམ་ཁོ་ནར་མི་རེ་བའི་རྩོམ་པ་བོ་དང་ལོ་ཙྭ་བ།རྩོམ་སྒྲིག་པ་ཁ་ཤས་ཀྱིས་བཀའ་དྲིན་ལ་བརྟེན་ཏེ།“དཔྱོད་ཤེས”རྒད་པོའི་བྲིས་རྩོམ་ཁག་དང«རིག་གཞུང་གསར་བའི་དཔེ་ཚོགས»«བློ་འབྱེད་ཀློག་དེབ་དཔེ་ཚོགས»སོགས་ཀྱི་དེབ་ཕྲེང་འགའ་ཞིག་བོད་ཡིག་ཏུ་འཛུམ་གྱིས་འཁྲུངས་པས།ཁོ་བོ་དང་ཁོ་བོ་འདྲ་བར་མི་རིགས་གཞན་གྱི་རིག་དངོས་ལ་བལྟ་བའི་མིག་ཟུང་བྲལ་བའི་ཚོགས་ལ་སྔར་མེད་ཀྱི་བདུད་རྩི་གསར་བ་ཞིག་མདུན་ལ་བསྟར་བས།དཔེ་ཀློག་ལ་ཅུང་ཟད་དགའ་མོས་ཡོད་པའི་བདག་དང་བདག་འདྲའི་མི་རྣམས་ནི་འདི་དག་ལ་མི་དགའ་གང་ལ་དགའ་འམ།

ལོ་འདིའི་ཟླ་དྲུག་པར་དཔར་བསྐྲུན་བྱས་ཤིང་ཟླ་བདུན་པར་དཔེ་འགྲེམ་བྱས་པའི་སྒོ་ཤེས་རབ་ལགས་ཀྱི་སྒེར་དེབ་གཉིས་པ«རྒྱུན་ཤེས་དང་ལམ»ཡང་བདག་དང་བདག་འདྲས་ངེས་པར་དུ་བཀླག་དགོས་པའམ།“མ་བཀླག་ཐབས་མེད”ཀྱི་དཔེ་དེབ་ཏུ་བགྲང་ན་ཤིན་ཏུ་འོས་ཤིང་།ལྟོས་བཅས་ཀྱི་བོད་ཡིག་པར་སྐྲུན་གྱི་དཀྱེལ་ཅུང་ཟད་ཡངས་པའི་མདོ་ལྷོའི(甘肃)མི་དམངས་དཔེ་སྐྲུན་ཁང་གིས་དཔར་བའི་ཤོག་ངོས༤༤༥ཅན་གྱི«རྒྱུན་ཤེས་དང་ལམ»ལ་མཚོན་ན།སྲབ་མཐུག་གི་ཆ་ནས་བོད་ཡིག་གི་འབོལ་རྩོམ་དེབ་ལས་ཆེས་མཐུག་ཤོས་དང་།དཔར་གྲངས་ཀྱི་ཆ་ནས་ཀྱང1~6500ཡིན་པས་བོད་ཡིག་གི་སྒེར་དེབ་དཔར་གྲངས་མང་གྲས་སུ་སོན་ཡོད་པ་རེད།

དེ་ཡང«རྒྱུན་ཤེས་དང་ལམ»ནི་སྔར«ང་ཚོ་སད་རན»དུ་བྲིས་པའི«དཔལ་ནྰ་ལེནྡྲའི་རིག་གནས་སྙིང་སྟོབས»ཀྱི་ལྷན་ཐབས(ཁ་སྐོང་གི་དོན)དང་བོ«<ཚད་མ་རྣམ་འགྲེལ>གྱི་མཚན་ཉིད་བསམ་བློའི་རྒྱུན་ཤེས»དང«སྨག་རུམ་ཁྲོད་ཀྱི་བརྗེད་བྱང»«བློ་དཀར་སེམས་ཀྱི་ཁ་བརྡ»འགྱུར་རྩོམ«དམངས་གཙོའི་རྒྱུན་ཤེས་གནད་བསྡུས»ཏེ།སྡེ་ཚན་ཆེན་པོ་བཞི་དང་བརྩམས་ཆོས་མི་འདྲ་བ་བཅུ་གཅིག་ཙམ་གྱིས་གྲུབ་པ་ཞིག་རེད་ལ།«<ཚད་མ་རྣམ་འགྲེལ>གྱི་མཚན་ཉིད་བསམ་བློའི་རྒྱུན་ཤེས»ཞེས་པར་ཚད་མའི་མངོན་རྗེས་དང་གཞན་སེལ་སོགས་ཀྱི་འཇོག་ཚུལ་དང་།སྐྱེ་བ་སྔ་ཕྱི་དང་ཐར་བའི་རྣམ་གཞག་གི་གནད་དོན་སོགས་ནང་བ་སངས་རྒྱས་པའི་ཚད་མའི་གཞུང་ལུགས་སུ་གསུངས་པའི་གནད་དོན་ཁག་ལ།ཁོང་རང་གིས་ལྟ་ཚུལ་སྤྱད་དེ་འགྲེལ་བརྗོད་བྱས་འདུག་མོད།ཁོ་བོས་རྩོམ་འབྲིང་འདི་ད་དུང་རྫོགས་པར་བཀླགས་མ་ཟིན་པས་འདིར་དབྱེ་བཞག་གི་ཁ་ཚོན་མི་གཅོད་ལ།

«སྨག་རུམ་ཁྲོད་ཀྱི་བརྗེད་བྱང»ཞེས་པར་སྔར«གཞོན་ནུའི་རབས་བྱེད»དང«གྲྭ་ཕོར»ལོ་དེབ་གཉིས་སུ་མཇལ་རྒྱུ་འདུག་པའི«དད་པ་དང་སྐྱེས་བུ་སྒེར»«རེ་ཐག་ཆད་པའི་ཕྱི་གླིང་བ»གཉིས་ལས་གཞན།ཡོད་ཚད“རྒྱུན་ཤེས”ཀྱི་གོམ་པ་དང་བོ་ལས་སྤོ་དགོས་ཚུལ་གྱི«རྒྱུན་ཤེས་ཀྱི་ཆག་འཇིག»ཞེས་པ་དེར།རྒྱུན་ཤེས་ནི་འགྲོ་བ་མིའི་རིགས་སྤྱིའི་རིག་གནས་སོགས་ཀྱི་གདམ་ག་གལ་ཆེན་ཞིག་ཡིན་པ་དང་།རྒྱུན་ཤེས་ལ་མ་བརྟེན་པར་བགྲོད་པའི་མི་ལ་མཐའ་འཇུག་གི་རྒྱལ་ཁ་འཐོབ་དཀའ་བས་མི་ཚད།རྒྱུན་ཤེས་ཀྱི་རྨང་མེད་པའི་གསེར་མཁར་ནི་འཇིགས་སུ་རུང་བའི་དུར་ཁྲོད་ལྟ་བུ་ཡིན་རབས་ཀྱི་སྒྲུབ་བྱེད་སྣ་ཚོགས་པའི་སྒོ་ནས།རྩོམ་མཁན་ཕའིན(T.paine)གྱི«རྒྱུན་ཤེས»ཀྱི་གོ་བའི་སྟེང་ནས་རྒྱུན་ཤེས་ལ་འགྲེལ་བརྗོད་དང་མཁས་པ་དགེ་ཆོས་ཀྱི་རྒྱུན་ཤེས་བསམ་བློའི་ལམ་ལུགས་ཀྱི་ཁྲོད་ནས་རྒྱུན་ཤེས་ངོ་སྤྲོད་པ་སོགས་རྒྱུན་ཤེས་ལ་སྦྱོར་དངོས་རྗེས་གསུམ་ཚང་བའི་ལྟ་ཚུལ་ཕུན་སུམ་ཚོགས་པ་སྤྱད་འདུག།

གཞན་དུས་རབས་སྔོན་མའི་ལོ་རབས་སུམ་ཅུ་བར་འཁྲུངས་པའི་ཨ་རིའི་མཁས་མཆོག་དམ་པ་མར་ཐི་ལུ་སིར་ཁེན་ལ་རྗེས་དྲན་གྱི་ཚུལ་དུ་བྲིས་པའི«དོན་དངོས་སུ་གྱུར་པའི“རྨི་ལམ”ཞིག»ཞེས་པར།མར་ཐི་ལུ་སིར་ཁེན་ལགས་ཀྱིས་དཀའ་སྡུག་བརྒྱ་ཕྲག་ཐོད་ལ་བླངས་ཏེ།ཨ་རིའི་ཡུལ་གྱི་གཙོས་པའི་འགྲོ་བ་མིའི་མི་ནག་རྣམས་རང་དབང་གི་ཞིང་ལ་འདྲེན་ཆེད་དུ།སྲིད་འཛིན་ལིན་ཁོན་གྱི«མི་ནག་བཅིངས་འགྲོལ་རྩ་ཚིག»སོགས་ཀྱིས་མ་ཐུལ་བའི་ཨ་རིའི་ཡུལ་གྱི་དཀར་ནག་གི་མི་ལ་འདྲ་མཉམ་མེད་པའི་གནས་སྟངས་དེར་འགྱུར་བ་ཡོང་ཆེད་དང་།དོན་དམ་པར་ཨ་རིའི་མི་ནག་གཙོས་པའི་འགྲོ་བ་སྤྱི་ལ་མིའི་ཐོབ་ཐང་གི་རང་དབང་ཆ་ཚང་ཞིག་འཐོབ་པ་ལ།མཁས་མཆོག་ཁོང་དང་ཁོང་ལ་དགའ་དད་མངའ་བའི་མི་ནག་རྣམས་ཀྱིས་ཐབས་དང་སྤྱོད་པ་གང་མང་ལ་བལྟས་ཏེ་ད་གཟོད་རང་དབང་གི་དཔལ་འདྲེན་པའི་སྐོར་དག་ཞིབ་གནད་ཀྱིས་བྲིས་འདུག་ཕྱིར།ཁོ་བོས་རྩོམ་ཡིག་འདི་ཉིད་བཀླགས་པས་ད་གཟོད་སྔར་དང་མི་མཚུངས་པར་མར་ཐི་ལུ་སིར་ཁེན་ལགས་ལ་ངོས་འཛིན་གསར་བ་དང་གདེངས་འཇོག་ཁྱད་པར་བ་ཞིག་བྱེད་དགོས་བྱུང་ཞིང་།མར་ཐི་ལུ་སིར་ཁེན་ཡང་སྐྱེས་བུ་ཆེན་པོ་གན་དྷི་དང་གན་དྷི་དག་གི་གྲས་སུ་ངེས་པར་དུ་བགྲངས་འོས་པའི་ངེས་ཤེས་གསར་དུ་རྙེད་པར་གྱུར།

དེ་བཞིན་ཤོག་གྲངས་བཅུ་དགུ་ཟིན་ཙམ་གྱི«ཁྱེད་ནི་འཇིགས་མེད་སྨྲ་བའི་ཁྱུ་མཆོག་ཅིག»ཅེས་པའི་རྩོམ་ཡིག་དེར།ཨུ་རུ་སུའི་རླབས་ཆེན་རྩོམ་པ་པོ་སོལ་ཟི་ཉི་ཆེན་ལགས་དང་ཁོང་གི་བརྩམས་ཆོས་གྲགས་ཅན«སྲན་ནད་ཁང»དང«ཀོ་ལ་ཀའི་གླིང་ཚོམ»སོགས་ལ་རྗེས་དྲན་ཕུལ་བ་དང་བསྡོངས་ནས།སྐབས་དེར་ཡང་སྒེར་གཅོད་ཀྱི་དམྱལ་ཁམས་ཉམས་སུ་མྱོང་བའི་སུའུ་ལེན(ར་ཤི་ཡ)གྱི་གཡོན་མཐའ་རང་ལུགས་ཀྱི་སྒེར་གཅོད་པ་དག་གི་མདུན་དུ།སོལ་ཟི་ཉི་ཆེན་ལགས་ཀྱིས་སྙུ་གུ་ཁོ་ནའི་མཚོན་ཆ་སྤྱད་དེ།“སྐད་ཆ་བདེན་པ་གཅིག་གི་ལྗིད་ཚད་ས་ཆེན་པོའི་དཀྱིལ་འཁོར་ལས་ཀྱང་ལྕི”བའི་གཏན་ཚིགས་ཐོགས་ནས།རྒྱུ་ཡིས་བྲིད་པ་དང་མི་ཁས་གཙེས་པ།སྲོག་ལ་འཚེ་བ་སོགས་གང་དང་ཅི་ལ་འཕྲད་ཀྱང་བདེན་པའི་དཔའ་སྟོབས་མ་ཞུམ་པར།སྒེར་གཅོད་པ་དག་གི་མགོ་ལ་པིར་གྱིས་རི་མོ་ཕབ་པའི་གཏམ་རྒྱུད་ཤིན་ཏུ་གསོན་ཉམས་ཀྱིས་བརྒྱན་པ་དག་བརྗོད་ཡོད་པས།གོང་གི«དོན་དངོས་སུ་གྱུར་པའི“རྨི་ལམ”ཞིག»དང«ཁྱེད་ནི་འཇིགས་མེད་སྨྲ་བའི་ཁྱུ་མཆོག་ཅིག»འདི་གཉིས་ལ(དེབ་འདི་ལས་ཁོ་བོའི་མིག་ལ་ཤིན་ཏུ་འཕྲོད་པའི་རྩོམ་ཡིག་ཀྱང་འདི་གཉིས་ཡིན)ཞིབ་ཏུ་བལྟས་པ་ཡིན་ན།འདི་ནི་མར་ཐི་ལུ་སིར་ཁིན་དང་སོལ་ཟི་ཉི་ཆེན་གཉིས་ཀྱི་བྱུང་བ་ཙམ་མིན་ལ།ཨ་རིའི་མི་ནག་ཁོ་ནར་རྨིས་ཆོག་པའི“རྨི་ལམ”དང་སུའུ་ལེན(ར་ཤི་ཡ)གྱི་མང་ཚོགས་ཁོ་ནས་ཤེས་ཐུབ་པའི་གནད་དོན་ཞིག་ཀྱང་མ་ཡིན་པ་སྐྱེས་བུ་མིག་ལྡན་དག་གིས་ཀུན་ནས་ཀྱང་ཤེས་སྲིད་དེ།གྲོགས་འོད་ནག་ལགས་ཀྱི་སྐད་དུ་བཤད་ན“དཔེ་ཆ་འགའ་ཞིག་ལ་བལྟ་ཤེས་དགོས”པ་ནི་ཤིན་ཏུ་གལ་ཆེ་འདུག

སྡེ་ཚན«བློ་དཀར་སེམས་ཀྱི་ཁ་བརྡ»ཞེས་པར«<དུས་རབས་ཀྱི་ང>ཡི་རྩོམ་སྒྲིག་པའི་དྲིས་ལན»དེ་བཀོད་འདུག་ལ།ཁོ་བོས་རྩོམ་ཡིག་འདི་སྔར༠༩ལོའི«དུས་རབས་ཀྱི་ང»ཡི་སྟེང་ནས་ཚར་གཅིག་བཀླགས་པ་ཡིན་མོད།ད་ལྟ་བརྗེད་ངེས་རྐུན་པོས་ཐག་རིང་དུ་ཁྱེར་ཟིན་པས་གསལ་བོ་ཞིག་བཤད་དུ་མེད་ལ།ཉིན་འདི་དག་ལ་ནི་ཞིབ་ཀློག་གི་སྐལ་བ་མ་ལྡན་ཕྱིར་ག་རེ་ལབ་ཀྱིན་ཡོད་པའི་བཀླགས་ཚོར་ནི་གནས་སྐབས་སུ་བཤད་དུ་མེད།དེ་ལྟར་ཚན་པ་འདིར་འཁོད་པའི«བོད་ཀྱི་དགོན་སྡེའི་སློབ་གསོའི་སྐོར་གྱི་དྲིས་ལན»ཡང་དེ་ལས་མ་འདས།

འགྱུར་རྩོམ་གྱི་སྡེ་ཚན«དམངས་གཙོའི་རྒྱུན་ཤེས་གནད་བསྡུས»ཞེས་པའང་བམ་ཀློག་ཙམ་ལས་སེམས་ལྷོད་ལ་བབས་ནས་ལྟ་ཞིབ་ཀྱི་དུས་ཚོད་རགས་པ་ཞིག་མ་བྱུང་ཡང་།རྒྱ་མིའི་སྲིད་དོན་མཁས་ཆེན་དུ་འབོད་པའི་ལིའུ་ཅིན་ཉིན(刘军宁)

གྱིས་བྲིས་པའི«དམངས་གཙོ་ནི་ཡོངས་ཁྱབ་སྲིད་ལུགས་ཤིག་ཡིན»(ཁ་བྱང་འདི་སྒྱུར་མཁན་གྱིས་བཏགས་འདུག)དང«དམངས་གཙོའི་རྟགས་མཚན»«མིའི་ཐོབ་ཐང་དང་དམངས་གཙོ»གསུམ་གྱིས་གྲུབ་པ་ཞིག་རེད་ལ།འགྱུར་རྩོམ་གསུམ་གྱི་བསྟན་བྱ་གཙོ་བོ་ནི་དོན་ངོ་མར་དམངས་གཙོ་དང་དམངས་གཙོའི་སྲིད་གཞུང་།མིའི་ཐོབ་ཐང་དང་དམངས་གཙོའི་ཕན་ནུས་སོགས་ནི་ག་འདྲ་ཞིག་ལ་ཟེར་གྱིན་པ་སྟབས་བདེ་བོའི་སྒོ་ནས་འགྲེལ་བཤད་གནང་ཡོད་པས།དུས་ལྟ་འགྲོ་མིའི་ཐོབ་ཐང་ཞེས་པ་གསར་དུ་ཐོས་ཙམ་ཡིན་པའི་རང་རེའི་སྤྱི་ཚོགས་ཀྱི་གནས་སུ་འདི་ཉིད་སོགས་ལག་དེབ་ལྟ་བུའི་ཚད་དུ་བཞག་ནས།ཀུན་ཀྱིས་སློབ་སྦྱོང་གི་གནས་སུ་བརྩིས་ན་ཧ་ཅང་གི་སྟབས་བདེ་དང་ཕན་གནད་ཡིན་པར་སྙམ།

བཞི།

དཔེ་དེབ་ཅིག་ཀློག་མཁན་ཁྲི་སྟོང་གི་མིག་ལམ་དུ་བསྐྱེལ་བ་ལ་ནང་གི་རྩོམ་ཆོས་ཀྱི་སྤུས་ཚད་ནི་ཆེས་ཤིན་ཏུ་གཙོ་བོ་ཡིན་པ་སྨྲོས་མ་དགོས་མོད་ཀྱི།དེ་དང་འདྲ་བར་ཕྱི་ཤོག་སྒྲིག་བཟོ་ཡང་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིན་པ་དཔེ་དེབ་སྒྲིག་རྩོམ་གྱི་བྱ་བ་གཉེར་མཁན་ཞིག་ཡིན་ན་ཤེས་ངེས་སྲིད་ལ།རྒྱ་མིའི་དཔེ་དེབ་ཁག(ནུབ་གླིང་གི་དཔེ་དེབ་ཁག་ལ་ནི་ཁོ་བོར་གསལ་ཆ་ཆེན་པོ་མེད་པས་འདིར་དེ་ལྟར་བཤད་པ་ཡིན)གི་ཕྱི་ཤོག་ལ་བལྟས་པ་ཡིན་ན་ནང་གི་དེ་ཉིད་གསལ་བོ་ཞིག་མ་ཤེས་ཀྱང་།ཕྱི་ཤོག་གི་མཛེས་འགོད་དང་རི་མོ་ཡི་མཚོན་ཐབས་ཀྱིས་ཡིད་ཀྱི་དྭངས་བ་ཅིག་ཅར་དུ་འདྲེན་པར་བྱེད་ལ།དེབ་ཤོག་གི་མཛེས་འགོད་ཡག་པར་བྱེད་པ་ནི་ཀློག་མཁན་གྱི་ཡིད་ལ་ཀློག་འདུན་འཕེལ་བ་དང་དཔེ་དེབ་ཀྱི་འགྲེམ་ཚོང་མྱུར་བ་དང་ཡང་འབྲེལ་བ་ངེས་ཅན་ཞིག་ཡོད་མོད།ད་རེབ«རྒྱུན་ཤེས་དང་ལམ»གྱི་ཕྱི་ཤོག་ནི་ཚོན་མདངས་འདམ་ལུགས་དང་པར་རིས་སྦྱར་ལུགས་གང་གི་ཆ་ནས་ཀྱང་ཆེས་ཕལ་བའི་ནང་གི་ཕལ་བར་སོང་འདུག་ཕྱིར།ཁོ་བོར་ཆེས་ཕང་སེམས་ཤིག་ཡོད་པ་ནི་ཁོང་གི་དེབ་ཤོག་གི་མཛེས་འགོད་ཞན་དྲག་པ་འདི་ཉིད་དེ།«ང་ཚོ་སད་རན»གྱི་ཕྱི་ཤོག་སྒྲིག་རིམ་ལས་ཀྱང་ཕྱེད་མང་ཤོས་ཤིག་དམའ་རུ་སོང་འདུག་པ་ནི་དེབ་བཟང་འདིའི་ཞན་ཆ་གཙོ་བོ་ཞིག་ཅི་ལ་མིན།

ད་དུང་ཁོ་བོས་གོང་ནས་བཤད་པ་བཞིན་དེབ་འདིར་ཡང་ཁོང་གི་སྨྲ་བ་ལ“སྐྱག”འབོད་འདི་ཉིད་ཁྱེར་འདུག་སྟེ།ག་དུས་ཡིན་ཡང་མ་རུང་བའི་དུས་སྐབས་ཤིག་གླེང་བར་ཁེལ་དུས“སྐྱག་རྫུན”ཞེས་པས་བསྡིགས་པར་བྱས་འདུག་ཕྱིར།ཁོ་བོའི་མིག་ལམ་དུ་དུས་ནམ་ཡང་དྲྭ་སྡོམ(lnternetbuff)འགའ་རེའི་གསུང་ཚིག་ཡ་མཚན་དེ་དག་མ་གཏོགས་ཡིག་ཐོག་ཏུ་དེ་ཙམ་མཐོང་དཀའ་བའི“སྐྱག”འབོད་ཀྱི་རང་ལུགས་འདིར་དགའ་བོ་མེད་དེ།ཀུན་སྤྱོད་ནི་ཚད་ཐིག་ཏུ་འཛིན་པའི་ཤེས་ཡོན་ཅན་ཞིག་གི་ངོས་དང་རབ་བྱུང་བ་ཞིག་གི་ངོས་ནས་བལྟས་ན།ག་ཙམ་མ་རུང་བ་དང་མི་འགྲིག་པ་ཡིན་ནའང་རྒྱུ་མཚན་དང་བདེན་པས་གུས་བཀུར་འོས་པ་ལས།ཡིག་རྨོངས་ཀྱི་སྐྱེ་བོ་དག་གི་སེམས་འཁྲུགས་པའི་སྐབས་གང་འདོད་ཀྱིས་གཞན་ལ་དམའ་འབེབ་ཏུ་སྤྱོད་པའི“སྐྱག”ཚིག་གི་གྲངས་བགྲང་བ་ནི།ཁོང་དང་ཁོང་འདྲ་བའི་བོད་ཀྱི་ཤེས་ཡོན་ཅན་དང་རང་བྱུང་བའི་སྨྲ་བར་ཁྱོན་ནས་མི་མཛའ་བའི་ཁར།ཁོང་དང་ཁོང་གི་རིགས་ཀྱིས་ཅི་གསུངས་དག་པར་བལྟ་བའི་གྲྭ་གཞོན་དེ་དག་ལའང་ཤུགས་རྐྱེན་སྔ་ས་ནས་ཕོག་མི་རུང་བའི་གནད་དུ་འདོད།གཞན་དུ་མིའི་རིགས་ཀྱི་ཀུན་སྤྱོད་སྔོན་དུ་ཐོན་པར་འབོད་པ་དག་གིས་གཙང་སྤྱོད་ཁང་ལའང“ཆབ་ཁང”སོགས་མི་ཟེར་བར“ལག་ཁྲུས་ཁང”(洗手间)

ཞེས་འབོད་དགོས་པར་འདུག་པའང་ཀུན་སྤྱོད་ཀྱི“རྒྱུན་ཤེས”ཤིག་ཡིན་པ་ནི་སྨྲོས་སུ་མེད།

དེ་བཞིན་དེབ་སྔོན་མར་རྒྱ་གྲོལ་སོགས་ཀྱི་ཚབ་ཏུ་ད་རེབ་དོར་ཞི་ལགས་ཀྱིས་མཁས་པ་དགེ་ཆོས་ལ་བསྡིགས་ཡོད་པ་དེར་ཁོང་གིས་ལན་ཐུང་ཞིག་བསྐྱོན་འདུག་མོད།སྟབས་གང་ལ་བདེ་ན་མགོ་དེ་ལ་བསྐོར་བའི་གཞུང་གི་ཁོག་པ་ཆེ་ཡང་བསམ་བློའི་དབུགས་སྣ་ཐུང་བའི་དོར་ཞིའི་ཚོགས་ཀྱིས།སྐབས་རེར་དགེ་ཆོས་ནི་ཁྱི་དང་ཕག་པ་ཁོ་ན་ཡིན་ཚུལ་དང་།ཡང་ལན་རེར་དགེ་ཆོས་ནི་སེང་གེ་དང་མཁའ་ལྡིང་ལས་གཞན་དུ་མེད་ལུགས་གསུངས་ནས་ཡོད་དེ།«ལོག་སྨྲའི་ཚང་ཚིང་སྲེག་པའི་ལུང་རིགས་རྡོ་རྗེའི་མེ་ལྕེའི»ཁྲོད་ཀྱི«འགོ་བརྗོད་ལི་ཤིའི་མེ་ཏོག»ཏུ་ངན་ཁོ་ན་བཤད་ཡོད་ནའང་།ནུབ་བྱང་སློབ་ཆེན་དུ་བསྡུས་པའི་དགེ་ཆོས་ལགས་འཁྲུང་ནས་ལོ་འཁོར་བརྒྱ་དང་གསུམ་ལོན་པའི་རྗེས་དྲན་དུ།དགེ་ཆོས་ལ་བཟང་བརྒྱན་མཆོག་གསུམ་གྱིས་བསྔགས་པ་ཤིན་ཏུ་རིང་བ་བྱས་ཡོད་ཕྱིར།དོར་ཞི་རྣམ་པས་ངན་བཤད་པ་དེ་མི་འགྲིག་པར་བརྩི་རུང་བ་བཞིན་བཟང་བཤད་པ་དག་ཀྱང་འགྲིག་པར་བགྲངས་དགོས་མོད།དེ་དག་ལ་ཁ་ཡ་བྱེད་པ་ནི་དེ་ཙམ་གྱི་རིན་དོད་དུ་མ་ངེས་ལ།གཞན་དུ་དེ་དག་ལ་བསྡིགས་པའི་དུས་རབས་ཀྱང་ད་ནི་བསམ་བློའི་འཕེལ་ཚད་ཅིག་གིས་ཁད་ཀྱིས་རྗེས་སུ་ལྷགས་ཀྱིན་ཡོད་པ་མ་ཡིན་ནམ།

བཤད་མ་ཐག་པ་དག་གིས་མཚོན་ཏེ་ཁོང་གི«རྒྱུན་ཤེས་དང་ལམ»དུ་མི་སྒེར་རང་གི་བློ་ལ་དེ་ཙམ་མི་འབབ་པའི་རིགས་ཀྱང་འགའ་ཞིག་མཆིས་མོད།དེ་ནི་ཡོད་ཆོག་ཆོག་ཏུ་སྣང་བ་མ་ཟད་གཞུག་གི་དུས་ཚོད་རིང་བོའི་ནང་དུ་ཁོང་གི་ལྟ་ཚུལ་དག་གི་ཕྱོགས་འགའ་རེར་དེ་ལ་འདི་ལན་གྱིས་ཞུ་སྙིང་གི་འདུན་པའང་བརྗེད་དུ་མེད།

ལྔ།

མདོར་ན།ཐེངས་འདིའི་སྒོ་ཤེས་རབ་ལགས་ཀྱི«རྒྱུན་ཤེས་དང་ལམ»ནི་རིག་གཞུང་གི་ཕྱིར་དུ་རིག་གཞུང་བརྩམས་པ་དང་དགག་སྒྲུབ་ཀྱི་ཆེད་དུ་དགག་སྒྲུབ་སློང་བ།སྒེར་དོན་གྱི་ཆེད་དུ་སྤྱི་དོན་གླེང་བ་ལྟ་བུ་མ་ཡིན་པར།ལོ་ངོ་གསུམ་གྱི་རིང་ལ་འབད་བརྩོན་དང་སྡུག་རུས་ཀྱིས་བྲིས་ཤིང་ཕྱིར་རྟོག་དང་གཟབ་ནན་གྱིས་འབད་པའི་རྩོམ་དེབ་བཀླག་ཏུ་རི་བ་ཞིག་རེད་པས།བོད་ཀྱི་བསམ་བློའི་རིག་གནས་ལ་བལྟ་འཐོབ་བྱེད་འདོད་ཀྱི་གཞོན་སྐྱེས་ཚོས་ངེས་པར་དུ་ཚར་གྲངས་ཁ་ཤས་བལྟ་དགོས་པའི་དོན་དུ་འཁུམས་ཤིང་།ཁོ་བོས་དེ་རིང་དཔེ་དེབ་གང་ཉིད་ངོ་སྤྲད་ཐུང་ངུ་ཞིག་བྱས་པ་འདིའང་ཁོ་བོ་རང་གི་ལྟ་ཚུལ་གྱི་ཕྱོགས་ཙམ་ཡིན་པ་ལས།དོན་གྱིས་དེབ་དེ་གསལ་ཐག་གིས་འགྲེལ་བརྗོད་བྱས་མེད་པར་ཀློག་པ་བོ་རང་རང་ལ་རང་རང་གི་ལྟ་ཚུལ་ཁྱད་པར་བ་རེ་རེ་ཡོད་སྲིད་ལ་ཡོད་ཀྱང་འོས་པས་ན་དེ་དེ་ལུགས་ཀྱི་བགོ་སྐལ་དུ་བཞག་ཡོད།

གཞན་དེ་རིང་ཁ་སང་བོད་ཡིག་དྲྭ་ཐོག་ཏུ་ཁོང་གི་དཔེ་དེབ་གང་ཉིད་ཐོན་ཙམ་གྱི་མདུན་ཤོག་རེ་སྦྱར་ཡོད་ཀྱང་།ཇི་ལྟར་ཐོན་ཡོད་པ་དང་ཅི་ཞིག་བྲིས་ཡོད་པའི་སྐོར་གྱི་གསལ་བཤད་ནི་གཅིག་གིས་ཀྱང་བྱས་མི་འདུག་པས།ཕྱི་ནང་ཀུན་ཏུ་བཞུགས་པའི་བོད་ཡིག་གི་ཀློག་མཁན་དག་ལ་ཁོ་བོས་རྩོམ་པ་བོ་དང་རྩོམ་སྒྲིག་པས་བཀའ་གནང་མེད་པར་ངོ་སྤྲོད་ཤིན་ཏུ་བསྡུས་པ་ཞིག་དང་འགྲོགས་ཏེ་དེབ་འདི་ལ་ངེས་པར་དུ་བལྟ་དགོས་པའི་སྐད་ཙམ་བཏང་བ་ཡིན་ཕྱིར།འདིར་དཔེ་དེབ་གང་གི་རྩོམ་པ་བོ་དང་རྩོམ་སྒྲིག་པ་ཟུང་ལ་དགོངས་དག་ཞུ་བཞིན་དྲྭ་རྩོམ་ཐུང་ངུ་འདིའི་མཇུག་བསྡུ་བར་བྱ།།

 

                    ༡༣.༡༡.༢༠༡༡ལ་བྲིས།

 

གསལ་བཤད།དྲྭ་རྩོམ་འདི་ནི་ད་སྔོན«རྒྱུན་ཤེས་དང་ལམ»བཀླགས་སྐལ་མ་བྱུང་བའི་དྲྭ་གྲོགས་དག་ལ་ངོ་སྤྲོད་ཀྱི་ཚུལ་དུ་གང་དྲན་གྱིས་བྲིས་པས་བཅོས་ཞུ་ཅི་ཡང་བྱས་མེད་སྟབས།ཁོ་བོར་གསལ་བརྡ་མ་བཏང་བར་དེབ་ཚགས་ཁག་ཏུ་གང་འདོད་ཀྱིས་དགོད་མི་རུང་།

རྩོམ་ཡོངས་ཀློག་པ།(3116) | ལན་སློག(31)
འབྲེལ་ཡོད་ནང་དོན་ 31 ཡོད།<<<1234>>>
RE:སྒོ་ཡོན་གྱིས་སྒོ་ཤེར་གླེང་བ།(དྲྭ་རྩོམ)
རྩོམ་པ་པོ།:DZJN སྤེལ་དུས་:2012-9-3 0:19:09
གསར་སྐྱེས་ཀྱི་གཞོན་ནུ་དཔྭོད་ཤེས་ཡངས་པའི་གྲུབ་འབྲས་ཡོད།
RE:སྒོ་ཡོན་གྱིས་སྒོ་ཤེར་གླེང་བ།(དྲྭ་རྩོམ)
རྩོམ་པ་པོ།:gaya སྤེལ་དུས་:2011-11-29 19:37:33
RE:སྒོ་ཡོན་གྱིས་སྒོ་ཤེར་གླེང་བ།(དྲྭ་རྩོམ)
རྩོམ་པ་པོ།:gehetai སྤེལ་དུས་:2011-11-6 3:45:19
བཀླགས་ཟིན།
གཤམ་དུ་gaoyongལགས་ཀྱི་ལན་སློག་པ་ནི་:ཐུགས་རྗེ་ཆེ།
RE:སྒོ་ཡོན་གྱིས་སྒོ་ཤེར་གླེང་བ།(དྲྭ་རྩོམ)
རྩོམ་པ་པོ།:ལྷ་དབང་དཀར་པོ་ནས(མགྲོན་པོ།) སྤེལ་དུས་:2011-10-3 23:17:36
སྒོ་ཡོན་ལགས་ཁྱེད་ཀྱི་གླེང་མོ་གསང་གྲངས་ཞིག་བདག་ལ་བྱིན་གྱུར་ཡང་ན་ཁ་པར་ཨང་གྲངས་ཞིག་ཡོད་རང་གཉིས་ལ་གསུང་གླེང་གང་མང་ཞིག་ཡོད་པར་ཐུགས་ལ་བཞགས་པར་མཚལ
གཤམ་དུ་gaoyongལགས་ཀྱི་ལན་སློག་པ་ནི་:སྐུ་བདེའམ། བདག་ལ་གཏན་ཁེལ་གྱི་ཁ་པར་ནི་མེད་པས་བྱ་ཐབས་ཟད་ལ། གླེང་མོལ་གྱི་གསང་གྲངས་ནི་རང་ཁོ་ནའི་གསང་བ་ཡིན་པས་ཁྱེད་ལ་སྟེར་འདོད་མེད་ཀྱང་། གལ་སྲིད་སྐུ་ཉིད་ལ་གླེང་མོལ་ཡིག་ཟམ་མམ།  གློག་རྡུལ་གླེང་ཟམ་མམ།  ཡང་ན་QQགླེང་མོལ་སོགས་གང་རུང་ཡོད་ན་ཁོ་བོའི་གསང་སྐད་དུ་ཞོག་དང་། ཁྱེད་ལ་འབྲེལ་བ་བྱེད་ངེས་ཡིན།
མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:སྒོ་ཡོན་གྱིས་སྒོ་ཤེར་གླེང་བ།(དྲྭ་རྩོམ)
རྩོམ་པ་པོ།:CHAMPO(མགྲོན་པོ།) སྤེལ་དུས་:2011-8-11 13:58:19
གཤམ་དུ་gaoyongལགས་ཀྱི་ལན་སློག་པ་ནི་:
RE:སྒོ་ཡོན་གྱིས་སྒོ་ཤེར་གླེང་བ།(དྲྭ་རྩོམ)
རྩོམ་པ་པོ།:jancuo སྤེལ་དུས་:2011-8-1 22:15:51
དེ་འདྲ་ཞིག་ཡིན་རྒྱུ་རེད།
གཤམ་དུ་gaoyongལགས་ཀྱི་ལན་སློག་པ་ནི་:སྐུ་ཉིད་ལ་ཕེབས་བསུ་ཞུ། དེབ་དེ་བཀླགས་པའི་ཁོ་བོའི་གནས་སྐབས་ཀྱི་ལྟ་ཚུལ་ཙམ་ནི་འདི་ལྟར་རོ།།
RE:སྒོ་ཡོན་གྱིས་སྒོ་ཤེར་གླེང་བ།(དྲྭ་རྩོམ)
རྩོམ་པ་པོ།:lyonten(མགྲོན་པོ།) སྤེལ་དུས་:2011-7-22 19:39:26
ཞིབ་ཚགས་ཐེངས་གཅིག་བཀླགས་ཟིན་ངོ་སོ་བསྟོད་འདུག་རྒྱལ་ཐང་ཡོན་ཏན་ནས།
གཤམ་དུ་gaoyongལགས་ཀྱི་ལན་སློག་པ་ནི་:བཀླགས་པ་བཟང་། སྐུ་ཉིད་གནས་འདིར་འོང་བར་དགའ་བོ་ཡོད།
མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:སྒོ་ཡོན་གྱིས་སྒོ་ཤེར་གླེང་བ།(དྲྭ་རྩོམ)
རྩོམ་པ་པོ།:འོད་ནག(མགྲོན་པོ།) སྤེལ་དུས་:2011-7-20 13:45:10
ཞིབ་ཏུ་ཐེངས་གཅིག་བཀླགས་ཟིན།    ཁ་སང་དེ་རིང་ཁོམ་གྱི་མེད་པས་རང་གི་བསམ་ཚུལ་དག་འགོད་རྒྱུ་མ་སོང་།   ཨ་ཁུ་སྒོ་ཤེར་ལགས་ཀྱི་དེབ་གསར་ལ་ཁ་མིན་དོན་གྱིས་དགའ་བསུ་དང་རྟེན་འབྲེལ་ཞུ་ཀི་ཡོད།   འོད་ནག་ནས།
གཤམ་དུ་gaoyongལགས་ཀྱི་ལན་སློག་པ་ནི་:སྤུན་གྲོགས་ལགས་གང་ཞིག་ནས་གློ་བུར་དུ་གློག་ལྟར་འོང་བ་ལ་ཧ་ཅང་དགའ་ཡོད་ཅིང་། གློག་འདི་གློག་དམར་མིན་པའི་རྒྱུ་མཚན་ཡང་དག་གི་སྟེང་ནས་གློག་ལ་གདུག་རྩུབ་མེད་པའི་གཏན་ཚིགས་ཀྱང་གཏིང་ནས་ཡོད། ད་དུང་ཉིན་འདི་དག་ལ་ཁྱེད་རང་མཚོ་ཁ་ཞིག་ཏུ་ཤོག་བྱ་དམར་བོ་ཞིག་གི་སྐྱེ་བ་བཞེས་ཏེ། མཁའ་ཡས་པའི་ནམ་མཁའ་ལ་སོ་འདེབས་ཀྱིན་འདུག་ཟེར་ལ། ཡོད་ཚད་རྟ་ཐོག་ནས་འགོ་བརྩམས་ཏེ་ཐམས་ཅད་རླངས་འཁོར་ནང་དུ་བསྡུ་གསོག་བྱེད་དགོས་རབས་དང་། སང་ཉིན་གྱི་གོམ་པ་ནི་ཁ་སང་གི་མེ་ཏོག་ཚལ་དེ་ཡིན་པའི་སྨོན་ལམ་ཡོད་པའང་ཁྱེད་རང་གི་གཏམ་རྒྱུད་ཡིན་སྐད། ཨོ་རེད། ཉིད་ཀྱིས་ཉིན་གཉིས་ལ་བཏུས་པའི་མེ་ཏོག་གི་ཡལ་ཀ་ཞིག་བསྐྱར་རྙེད་འོང་བ་ལ་ནམ་ཡང་བཀྲ་ཤིས་བདེ་ལེགས་ཡོད། 
མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:སྒོ་ཡོན་གྱིས་སྒོ་ཤེར་གླེང་བ།(དྲྭ་རྩོམ)
རྩོམ་པ་པོ།:མི་ཤེས་ཤེས་ཁ།(མགྲོན་པོ།) སྤེལ་དུས་:2011-7-20 12:20:23
སྒོ་ཡོན་ལགས། སྒོ་ཤེས་རབ་རྒྱ་མཚོ་སྒོ་མང་དགོན་པའི་མ་རེད། ཁོང་རྔ་བ་ཀིརྟི་དགོན་པའི་རེད། “སྒོ”ཡི་ཚིག་དེ་ཁོང་གི་ཁྱིམ་ཚང་གི་མིང་ལ་སྒོ་སྔུན་ཚང་ཟེར་བ་རེད། དེ་དབང་གིའི་སྒོ་ཤེས་རབ་རྒྱ་མཚོ་ཟེར་བ་རེད། ད་འེ་ཤེས་ད།
གཤམ་དུ་gaoyongལགས་ཀྱི་ལན་སློག་པ་ནི་:ཡ་ཡ། ད་ཤེས་ཐལ།  བཀའ་དྲིན་ཆེ།  འོག་ཏུ་དྲྭ་གྲོགས་ཤིག་གིས་སྒོ་ར་ནས་རེད་ཀྱང་གསུངས་སོང་བས།  གང་ལྟར་སྒོ་ར་དང་སྒོ་སྔུན་གང་ནས་ཡིན་ཡང་ཁོ་བོའི་བྲིས་རྩོམ་འདིའི་ནང་དོན་ནི་སྒོ་མིང་མིན་པར་སྒོ་དོན་ཡིན་པ་སྟེ། མེས་པོ་ཞིག་གི་སྐད་དུ་བཤད་ན། རྩ་བ་དོར་ནས་ཡལ་ཀ་མི་འཚོལ་བའི་རེ་བ་སུ་ལའང་ཡོད།།
མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:སྒོ་ཡོན་གྱིས་སྒོ་ཤེར་གླེང་བ།(དྲྭ་རྩོམ)
རྩོམ་པ་པོ།:qiaokeli སྤེལ་དུས་:2011-7-20 12:16:54
ཁྱེད་ཀྱིས་ཀློག་མཁན་མི་འདག་ཅེས་པའི་རེ་ཆད་ཀྱི་སྐད་ཆ་དེའི་ང་ལ་བློ་སྒོ་གཞན་ཞིག་ཕྱེས་སོང་ཡོད།   ངོ་མ་རང་རློམ་ཆེ་བའི་དྲྭ་འབུ་འགས་རྒྱུས་ལོན་དང་བརྟག་དཔྱད་གང་ཡང་མེད་པར་སྡིག་ཚིག་༼སྒོ་ཤེར་གྱིས་ངའི་མིང་ལད་འབྲི་བྱས་སྙམ་རང་གཤིས་གཞན་ཞིག་བསྟན་འདུག སྒོ་ཤེར་ཞེས་པའི་སྒོ་ཙམ་ཡང་ངོས་མ་ཟིན་བཞིན་དགོན་མིང་གིས་བཏགས་འདུག་ཅེས་ཚིག་ཐག་ཆོད་པོས་བཤད་པ་དེས་མི་མངོན་པའི་དོན་མང་པོ་ཞིག་ལ་དེ་ལྟར་ཧོབ་ཀྱིས་བཤད་ཀྱིན་ཡོད་ངེས། གྲྭ་བའི་ལམ་ཁ་ནས་ངེས་པར་སྦྱོང་དགོས་པའི་སྒོ་ཤེར་ལགས་ཀྱི་བྲིས་རྩོམ་དེ་དག་གྲྭ་བའི་རིག་གནས་ཀྱིས་སྟོང་བའི་ཕུང་གསུམ་ཁྱོད་ཅག་གིས་ལྟ་ག་ལ་རྟོགས་པར་འགྱུར་ཨང་།༽འདི་ལྟ་བུ་འཕང་ཡོང་བ་ནི་ངོ་མ་ཡིད་ཆད་ས་རེད་ཨང་།   སྐྱོན་གྱི་ཁབ་མགོ་ལས་བཟང་གི་རི་བོ་མི་མཐོང་བའི་མིག་ཞར་དག་རེ་ཞིག་བཞག་ནས་འདིར་བདག་གིས་བཤད་འདོད་པ་ནི་ཉེ་ཆར་སྒོ་ཤེར་ལགས་ཀྱི་༼རྒྱུན་ཤེས་དང་ལམ་༽ལག་སོན་བྱུང་བས་ལྟ་བཞིན་པའི་སྒང་ཡིན་མོད།  དུས་ཚོད་ཀྱི་དབང་གིས་ད་རུང་ཚར་མ་སོང་།    དཔེ་ཆ་འདིའི་ཡང་སྙིང་ནི་ཚན་པ་དང་པོ་ཚད་མ་རྣམ་འགྲེལ་གྱི་རྒྱུན་ཤེས་ལམ་ནས་སྐྱེ་བ་སྔ་ཕྱི་གླེང་འདུག་པ་དེ་རེད་ལ་དེ་ནི་ད་སྔ་སུས་ཀྱང་ཉམས་མ་བཞག་པའི་བཤད་སྟངས་ཤིག་དང་མངོན་པའི་སྡེ་སྣོད་ཀྱི་ཡང་སྙིང་ཡང་རེད་འདོད་ཡོད་པའི་དགེ་མཚན་ཤིན་ཏུ་ནས་མང་པོ་ཡོད་འདུག  ཞར་བྱུང་ལྟ་བུའི་ཚན་པ་གཉིས་པ་རུ།    དགེ་ཆོས་ནི་རྒྱུན་ཤེས་གྱི་ཤེས་བྱར་དོ་སྣང་ཡོད་མཁན་གྱི་དེད་དཔོན་ལྟ་བུར་བགྲེང་བའང་ཇི་འདྲའི་བློར་འབབ་ས་ཞིག་རེད་ཨང་།    དེ་ལས་ཀྱང་ཁོ་བོ་དགའ་ས་ནི་མཇུག་ཏུ་༼བོད་ཀྱི་དགོན་སྡེའི་སློབ་གསོའི་སྐོར་གྱི་དྲིས་ལན་༽ཞེས་པ་དེ་རེད།  འདི་ནི་དགོན་པ་སོ་སོ་ནས་ཅི་ནས་ཀྱང་བསམ་བློ་གཏོང་དགོས་སའི་ལེགས་བཤད་དམའ་མེད་པ་ཞིག་ཏུ་མཐོང་སོང་།    ཞེས་ཁྱེད་ཀྱི་ཀློག་མཁན་རྣལ་མ་གཉན་བུ་ཡིས།
གཤམ་དུ་gaoyongལགས་ཀྱི་ལན་སློག་པ་ནི་:དྲ་བའི་རིག་གནས་ཀྱི་རྒྱལ་ས་ཆེན་པོ་ལ།།ཆར་དང་རྡུལ་མ་ཡིས་བཀང་བའི་རང་རིགས་སྡེས།།དྲྭ་རྩོམ་འགའ་ཞིག་གི་ནང་དོན་མ་རྟོགས་པར།།བཀླགས་ནོར་དཔྱད་ནོར་གྱི་རིགས་འདིར་སུ་ཡང་སུན།།དྲྭ་ལ་གསལ་ཆེ་བའི་དྲྭ་རྩོམ་ལ་ལ་ཞིག།དྲ་བའི་ཁོར་ཡུག་ནས་ཡུན་གྱི་བཀྱེད་པ་འདི།།དྲ་ངོས་བཙོག་རྫོབ་ཏུ་གཏོང་བའི་འབུ་དུག་ལས།།དྲ་རྡུལ་དལ་སྐྱོན་གྱིས་བྱུང་བ་ག་ལ་ཡིན།།འདི་ལྟར་དྲ་ཡིག་གི་གནད་ལ་བཤད་མཁན་གྱི།།ཀློག་མཁན་གཉན་བུ་ཡི་མཆན་ཐུང་རོལ་བ་ལ།།དཔྱད་ལན་རིང་བོ་ཞིག་ཅིས་ཀྱང་འབྲི་དགོས་མོད།།དེ་རིང་དུས་ཚོད་ཀྱིས་འབྲི་རུ་མ་བཅུགས་བྱུང་།།དེ་ལྟར་དྲྭ་ངོས་ལ་གནག་པའི་ལྐོག་ཞིབ་པས།།སྐད་བཙོག་གང་འདྲ་ཞིག་ཐོགས་ལྟར་འཕང་ན་ཡང་།།རལ་གྲི་མེ་ཏོག་ཏུ་བསྒོམས་པའི་རྟུལ་ཞུགས་ཀྱིས།།ང་དང་ཁྱེད་འདྲ་དག་ཡང་ནས་ཡང་འདུ་འཚོ།།
粗体 斜体 下划线 插入引用 插入表情
Powered by Oblog.