མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
རེ་སྨོན་པར་གཞི། 分享按钮
སྐད་ཆའི་བཞུར་རྒྱུན།
 
སེམས་ཁམས་ལོ་ཐོ།
ཟིན་བདག་བརྡ་ཁྱབ།


 

 

 

སྲོད་ཁའི་གྲིབ་རིས་ནུབ་ཏུ་ཡིབ་པ།།

དུས་ཀྱིས་བསྐྱལ་བའི་འོད་ཀྱི་ལྡོག་འཕྲོ།།

དབྱིབས་དང་ཁ་དོག་སྣ་ཚོགས་བསྡེབ་པ།།

བློ་ནས་འཁྲུངས་བའི་སྒྱུ་རྩལ་རི་མོ།།

 

                    __ རི་ཕྱོར་བས།

 

རི་ཕྱོར་བ་སྟོབས་ལྡན་རྒྱལ།

མཚོ་སྔོན་དགེ་ཐོན་སློབ་ཆེན།

ཆེད་ལས། གསར་འགྱུར།

ཕ་ཡུལ། མཚོ་ལྷོ།

སྐད་འཕྲིན་ཨང་གྲངས།

610117993

ཕྲན་གྱི་སྙན་དེབ་གཉིས་པ།

       ༼  སྲོད་ཀྱི་སྟོན་ཆར ༽

 

 

 

ཆེད་དོན་རིགས་དབྱེ།
ཟིན་བྲིས་གསར་བ།
དཔྱད་བརྗོད་གསར་བ།
སྐད་གསར་བཞག
འཚོལ་བཤེར།
མཛའ་འབྲེལ།
ཆ་འཕྲིན།
 
 
ཁ་བྱང་གཅིག་པའི་སྙན་ངག
[ 2014-5-22 12:14:18 | By: duodanjia ]
 

            ཕྱི་དྲན་སྐྱ་བོ།

            
འཆི་བདག་ཚང་།

སྤྲུལ་བའི་བྲག་སྲིན་མཛའ་བར་འཐམ་པ་རྟེན་འབྲེལ་ཆོས་ཉིད་འཁྱུད་པའི་རྒྱ།།
མ་ཉམས་སྲིད་པ་བསྟི་བའི་གནས་སུ་གདོང་དྲུག་ས་བོན་འཕེལ་བའི་རྒྱུན།།
དཀར་ནག་ལས་འབྲས་རླབས་ཀྱི་རི་མོས་མཐའ་ལ་དེད་ཅིང་བྱེར་བ་ལས།།
གདོང་དམར་ལས་དམག་ཁྲོས་པའི་རྒྱུད་དུ་སྔར་མེད་ཁྱེའུ་དགའ་བས་བལྟམས།།

ངེས་མེད་ལྡང་བ་མུན་པའི་ཤེས་རྨོངས་སྒྱུ་མའི་བསླུ་བྲིད་འཐབ་པའི་དབྱངས།།
མི་མངོན་ནམ་མཁའི་མཐའ་ལ་བྱེར་བྱེད་རིགས་པའི་རྩལ་དང་གཏམ་གྱི་དཔྱ།།
ཚངས་ཆེན་མེས་པོ་དགྱེས་པའི་སོ་ལས་རོ་མངར་ཕང་ཕུང་ཆད་པ་ལ།།
བག་མེད་སྐེད་ཕྲའི་ཆང་གིས་རབ་མྱོས་ཅི་ཡང་ནོངས་འདིས་ཤེས་པ་འཕྱོ།།

བདག་ཏུ་མ་བཟུང་མེས་པོའི་མཛོད་ཕུག་རྣམ་སད་དགུ་ཚིགས་འཕྱོ་བའི་དར།།
ཁམས་གསུམ་འཛིན་མའི་ཟེ་བར་རབ་འཕགས་ཁེངས་པའི་ཟུར་ཕུད་འཇོམ་པའི་གཏམ།།
སྐལ་ངན་མུ་ཏོའི་གྲེ་བར་མ་ཤོང་འགྱོད་པའི་ངུ་ཤུམ་འཐབ་པའི་དབྱངས།།
ཕྱོགས་ཀྱི་བུ་མོའི་རྣ་བའི་རྒྱན་གྱུར་མཆི་མའི་མལ་དུ་མྱ་ངན་བྱེད།།

ཕྱིར་དྲན་སྐྱ་བོར་འབོད་པའི་འགྲན་རྩོམ་འདི་ནི་སློབ་གསོའི་ལས་སུ་བསྙད་བཏགས་པའི་འདུ་འཛི་ཆེ་བའི་སྐབས་ཤིག་ལ་དྲ་གྲོགས་ནད་པའི་ངོ་མ་ལྡོག་ཙམ་དུ་ཚ་ནག་ཀུན་བཟང་གིས་སོ།། 

                       ༢༠༡༤..༢༠ཉིན།


              
ཕྱི་དྲན་སྐྱ་བོ།
     
                 
རི་ཕྱོར་བ།

ལས་ཀྱི་གཤོག་པ་དཀར་པོར་རྩ་བ་རྒྱས་འདྲ།།
ལམ་གྱི་དར་ཐིག་ཕོན་པོར་རྩེ་མོ་སྨིན་འདྲ།།
མཚམས་རེེེར་ལས་འདི་ལམ་ལ་བཅོལ་ནས་བསྐྱུར་འདྲ།།
ལན་རེེར་ལམ་འདི་ལས་ལ་ཁེན་ནས་བཞག་འདྲ།།

ལམ་འདི་སྤང་ལ་བྲིས་པའི་འཇའ་རིས་ཡིན་པ།།
རྗེས་འདི་ལོ་མའི་སྟེང་གི་ཆུ་ཐིགས་ཡིན་པ།།
ལས་དང་ལམ་གྱི་གསང་བའི་མན་ངག་དམ་པ།།
ལོ་ཟླའི་འགྲུལ་བཞུད་ཁྲོད་ནས་རིག་རིག་འཛུལ་བྱུང་།


ལམ་འདིས་གཞོན་པའི་དུས་ཀྱི་ལང་ཚོ་བཙལ་མྱོང་།།
རྗེས་འདིས་ཚོར་བའི་སྟེང་གི་མངའ་ཐང་གསོས་མྱོང་།།
སེམས་འདིས་མཐོ་བ་སྟོང་གི་རྩ་བ་བསློགས་མྱོང་།།
ངག་འདིས་རྨི་ལམ་ཁྲི་ཡི་སྟོང་ཆ་གསབ་མྱོང་།།

སྐད་འདི་འདི་ཕྱི་བར་གྱི་ཕོ་ཉ་ཡིན་པ།།
ཚིག་འདི་རྡོ་གཅམ་འོག་གི་ང་རོ་ཡིན་པ།།
ངག་ནས་བརྡོལ་བའི་ཚིག་གི་ཚོམ་བུ་རེ་རེ།།
འདས་པའི་གཏམ་རྒྱུད་ཅིག་གི་ཕྱི་ཤུན་ལོས་ཡིན།།

གཏམ་འདི་ས་སྲོས་ཁྲོད་ཀྱི་སྨུག་པ་ཡིན་པ།།
བརྡ་འདི་སྤྲིན་པའི་དབུས་ཀྱི་དབྱངས་རྟ་ཡིན་པ།།
དུས་ཀྱིས་དེད་པའི་དཀར་དམར་མདངས་ཀྱི་ཉིང་ཁུ།།
ད་ལན་དབང་རྩའི་སྦུབས་ནས་ཡུན་གྱིས་བཞུར་སོང་།།

དུས་འདི་རྨི་ལམ་འོག་གི་དུར་ཁྲོད་ཡིན་པ།།
མཚན་འདི་སྒོ་ཕྱིའི་བར་གྱི་གྲིབ་མ་ཡིན་པ།།
སྐྲ་ལོའི་ཉག་མའི་གསེབ་ཀྱི་དམ་ཚིག་དམར་པོ།།
ཏག་ཏག་མི་ལོ་ཉི་ཤུའི་ངོགས་སུ་བཏེགས་ཡོད།།

ས་འདི་རྐང་བའི་ངོས་ཀྱི་རི་མོ་ཡིན་པ།།
རླུང་འདི་དཔྲལ་པའི་སྟེང་གི་གཉེར་མ་ཡིན་པ།།
ལང་ཚོའི་ཁམས་ནས་བྱུང་བའི་ངུ་ངག་གཉོམ་པོ།།
ཚེ་ཡི་ཕྱི་ཆའི་སྲོག་གི་མདུད་པར་མཐུད་ཡོད།།

གངས་འདི་བག་ཆགས་ཤིག་གི་ཕྱི་ནང་ཡིན་པ།།
ཟམ་འདི་མགྲོན་པོ་ཞིག་གི་བཤུལ་ལམ་ཡིན་པ།།
བདེན་པ་ཐོད་ནས་ཤོར་བའི་མིག་གི་ཁ་དོག།
མ་གསང་མི་ཚེའི་ལམ་གྱི་ཁུགས་སོར་ཤར་ཡོད།།

ཉན་ན་ངག་གི་དབྱངས་རྟ་ལྷོད་ཀྱིས་ཐོས་ཡོང་།།
དཔྱད་ན་ཡིད་ཀྱི་ཁ་དོག་ཤར་གྱིས་རྟོགས་ཡོང་།།
ལས་ཀྱི་ངག་སྒོ་རེ་རེ་སེམས་སྒྲ་ཡིན་སྐད།།
ལམ་གྱི་འཇུ་ཐག་སོ་སོ་རྡོག་སྒྲ་ཡིན་སྐད།།

      
༢༠༡༤/ /༢༠ཉིན།


 

    ཕྱི་དྲན་སྐྱ་བོ།
       
      
ཁ་གྱའི་ཁྱུང་སྔོན། གཙོད་གྲོང་ཁྱེར།

རྟ་མཆོག་སྟོང་གི་རྨིག་སྒྲ་གྲགས་པས་རྨི་ལམ་ཞིང་གི་རྣམ་ཤེས་དཀྲོགས། 
རི་མགོའི་དར་ལྕོག་རླུང་གིས་རྡེབ་ཅིང་བསང་དུད་སྔོན་མོ་མཁའ་རུ་རྒྱུ། 
གནམ་ས་སྒུལ་བའི་ཀི་སྒྲ་འཇིགས་པོས་མི་ཡི་བུ་ལ་གདུང་དྲུག་བསྩལ། 
བཙན་པོས་བསྙལ་བའི་ལོ་ཆང་དེ་ལ་བདག་གིས་སྙན་ངག་རྐང་གཅིག་བྲི། 
 
བྲེ་སེར་འབྲོང་གི་ཧུར་སྒྲ་སྒྲོག་ཚེ་གངས་རིའི་ཕྲག་ནས་ཉི་འོད་འཚེར། 
འཛུམ་དྲུག་རི་མོ་ཕྱི་རུ་མངོན་པས་དཔའ་བོའི་ལོ་རྒྱུས་ལྷ་ལ་འཐེན། 
ལས་དང་རླུང་རྟའི་ལྷ་དར་རིང་མོ་སྲིད་པའི་རྩེ་ན་རླུང་གིས་བསྐྱོད། 
རིགས་ཀྱི་མཛའ་བ་ཡིད་ལ་སྒོམ་བཞིན་བདག་གིས་སྙན་ངག་རྐང་གཅིག་བྲི། 
 
ཡར་ཀླུང་ཁོག་གི་བླ་མཁར་མཐོན་པོ་སྲིད་པའི་མཁའ་ཡི་རྒྱལ་མཚན་བཞིན། 
འཛམ་གླིང་འཛིན་མའི་གཙུག་ན་འགྱིང་བའི་ཁ་བ་གངས་ཀྱི་བདག་པོ་དེས། 
ཞི་བདེའི་ཁ་གཡང་ཞི་བར་སྒྲོག་པས་གནས་ལུགས་སྟེགས་ལ་རྡོག་པས་གཞལ། 
ཕ་དང་མེས་པོའི་མཛད་རྗེས་དྲན་ནས་བདག་གིས་སྙན་ངག་རྐང་གཅིག་བྲི། 
 
དུས་རབས་མང་བོར་འཛད་རྒྱུ་མེད་པའི་མི་རིགས་ཤིག་གི་སྤྱི་ནོར་ཏེ། 
རིན་ཆེན་རིན་ཐང་གཞལ་དུ་མེད་པའི་མེ་དང་རྒྱ་མཚོའི་རྣམ་གྲངས་ཅན། 
འཛམ་གླིང་གོ་ལའི་ཤར་རྒྱུད་ཅིག་ན་བདག་པོས་མ་ཟིན་ཤོར་ལ་ཁད། 
ཕ་བོང་ཁ་ཡི་འཁྲུངས་གཞིས་བསམ་སྟེ་བདག་གིས་སྙན་ངག་རྐང་གཅིག་བྲི། 
 
མི་རྗེ་ཞིག་གི་སྲིད་དབང་བསམ་ན་ཕོ་བྲང་དམར་པོར་སྐོར་གསུམ་རྒྱག 
བཙན་པོ་ཞིག་གི་དཔའ་སྟོབས་དྲན་ནས་པོ་ཏཱ་ལ་ཡི་རྩེ་རུ་འཛེགས། 
མི་རིགས་ཤིག་གི་དཀའ་སྡུག་དོན་དུ་ངར་གྱིས་ཀི་རིང་ལན་གསུམ་བཏབ། 
མིག་གོང་མཆི་མ་ཡང་ཡང་འཁོར་ཏེ་བདག་གིས་སྙན་ངག་རྐང་གཅིག་བྲི། 
 
བོད་ཡུལ་ཆོལ་གསུམ་ཕྱོགས་སུ་མ་གྱེས་ཕུ་ནུའི་མཛའ་མཐུན་རི་མོ་བཀྲ། 
རྨ་འབྲི་རྫ་གསུམ་ལྷུང་ལྷུང་རྒྱུ་བས་ལུགས་གཉིས་དབང་ཐང་སྲིད་ན་མཐོ། 
དྭངས་གསལ་མེ་ལོང་ལན་བརྒྱར་ཕྱིས་འདྲའི་མཚོ་ཆེན་ཁྲི་གཤོག་རྒྱལ་མོ་སྟེ། 
ཤམྦྷ་ལ་ཡི་དག་ཞིང་ཡིན་པས་བདག་གིས་སྙན་ངག་རྐང་གཅིག་བྲི། 
                  520
ཉིན་ལ།

 
ཕྱི་དྲན་སྐྱ་བོ།
    གཡུ་ཨ་གར།

 
རི་བོ་འདིའི་ཕ་རོལ་ལ་ནན་གྱིས་ཉན་ན་བདག་གི་བྱིས་དུས་ཀྱི་རྡོག་སྒྲ་ཐོས་ཡོང་། རྡོག་སྒྲ་དེ་ཕོ་ཉ་ཞིག་དང་འདྲ་བར་ངའི་ཉེ་འགྲམ་ལ་གསང་སྟབས་ཀྱིས་སླེབས་ཀྱིན་ཡོད། སྐབས་དེར་བདག་གི་མིག་ལམ་དུ་མངོན་ཡོང་བ་ནི་གླང་མའི་རྟ་ཕོ་དང་རྡེའུ་དཀར་གྱི་ནོར་ལུག་རེད།ད་དུང་པགས་རྩག་གྱོན་པའི་ཨ་མ་དང་རླུང་དམར་ཁྲོད་ནས་ནོར་ལུག་གི་གསེང་ལ་འཐིམས་པའི་བདག་གི་ཨ་ཕ་རེད། 
     
མི་ལོ་ཉི་ཤུའི་ཕར་རྒྱབ་ནས་བསྐྱུར་ཟིན་པའི་རྨི་ལམ་དེ་ད་ལྟ་ནང་བཞིན་གསལ་ཡོང་དུས། ངས་གློ་བུར་དུ་རང་ཉིད་ལ་སྡོམ་རྩིས་རྒྱག་དགོས་བྱུང་། གང་ཞིག་ནས་མགོ་བརྩམས་ཏེ་ནམ་ཉི་མར་མཇུག་བསྡུ་དགོས་པའི་མི་ཚེ་ཟེར་བ་དེ། ཁྱོད་ཀྱིས་ཀྱང་སྙིང་ཉེ་བའི་འཇེབ་འཁོར་ཞིག་དང་འདྲ་བར་རིན་གོང་མཐོན་པོ་བྱིན་ཏེ་ཉོས་ཚར་བ་ཡིན་པས། ལམ་ཐག་རིང་ཐུང་གི་བགྲོད་སྐྱོད་རེ་རེའི་གོ་རིམ་ཁྲོད་རང་ཉིད་ཀྱི་མ་རྐང་ཡང་གཞི་ནས་རྡིབ་ཀྱིན་མེད་དམ།
  
ཁྱོད་ཀྱིས་རང་ཉིད་ལ་མིག་གིས་བལྟས་ཏེ་སེམས་ཀྱིས་ཉན་རོགས།བྱིས་དུས་ཀྱི་རྩེད་ཆས་དག་སུ་ཞིག་གི་རྐང་འོག་ཏུ་འཛད་ནས་ཚར་སོང་། ཕོ་ལོ་བཅོ་ལྔའི་དབྱར་གཞོང་གི་ལང་ཚོའི་མེ་ཏོག་ཡང་སུ་ཡི་ཆེད་དུའང་མ་སྨིན་པར་འདི་ལྟར་རྙིད་ནས་སོང་། མི་ཚེ་ནི་ཉིན་གཅིག་ལ་ལེ་བར་སྟོང་ཕྲག་བརྒལ་ཐུབ་པའི་རླངས་འཁོར་ཆུང་ཆུང་དེ་ཡིན་པའི་དབང་དུ་བཏང་ན། ཁྱོད་ནི་གོམ་གང་ལའང་མ་སོང་བའི་ཁ་ལོ་བ་ཤི་མ་གསོན་དེ་ཅི་ལ་མིན།
                            
སྤྱི་ཟླ5.20ལ།

ཕྱི་དྲན་སྐྱ་བོ།
  
གྲོལ། 

སེམས་པ་དུབ་དེ་རྨྱ་ཡང་།།
ལུས་པོ་ངལ་དེ་ཉོབ་ཀྱང་།།
འགྱུ་བ་དོག་ཙམ་གདའ་རེད།།
ཕྱི་མིག་འཁྱུག་ཙམ་སློག་རེད།།


ཉི་མ་དམར་ཐག་ཆོད་དེ།།
སྤྲིན་པའི་ངོ་མདང་ལོག་དུས།།
ཕྱི་མིག་མཚོ་ལ་ལྷུང་འདྲ།།
མཚོ་མོའི་རི་ཚོགས་པང་འདྲ།།


གྲིབ་མའི་ལྡིང་ཁང་ནང་ལ།།
མེ་ཏོག་བསུང་ངད་མཆོད་དུས།།
རླུང་བུ་འཁྱུད་ནས་འོང་འདྲ།།
དྲི་བསུང་བསྡོས་ནས་སོང་འདྲ།།


དྲ་མའི་ཕྱི་རོལ་ནང་རོལ།།
ཆར་གྱིས་སྦངས་ནས་ཡོང་དུས།།
རྨི་ལམ་མ་རོལ་མཚམས་ལ།།
གློ་རྡེག་འཁྲུལ་ལམ་མ་འཁྲུལ།།

རྩོམ་གྲོགས་སྐོར་ཞིག་དང་མཉམ་དུ་ཁ་བྱང་གཅིག་པ་འདི་འབྲི་དགོས་མོད།  བྲེལ་ཟིང་ཁྲོད་ལྷག་ནས་ཡོད་དུས།  ནམ་གུང་ཁ་བྱང་དང་འཚམས་པའི་ཚོར་བས་དཀྲོག་ཏེ་བྱུང་བས།  དེ་མ་ཐག་བྲིས་སོ།།





    
ཕྱི་དྲན་སྐྱ་བོ།
       
རས་པ་ཧྲལ་པོ།

ཆར་བའི་མཚན་མོ་གཙང་པོ་ནག་པོར་འབབ།།
རྦ་རླབས་དྲག་པོས་ཆལ་ཆིལ་འཁུན་པ་འབྱིན།།
ཆུ་འགྲམ་དེ་ན་ཁེར་མོར་སྨྲེང་པའི་མིས།།
ཕྱི་དྲན་ཀློང་ནས་སྔར་གྱི་འཇིག་རྟེན་དྲན།།

ལོ་ཟླ་ཁད་ཀྱིས་བཞུད་པའི་ཤུལ་ལམ་དུ།།
ཁྱོད་ཀྱིས་སུ་ལ་ཕྱིར་མིག་ཙམ་ཡང་མེད།།
སྨག་གིས་གཅུན་པའི་ཕོ་བྲང་དམར་པོ་རུ།།
གདུང་བས་གཟིར་བའི་མི་ཞིག་ད་དུང་ཤུམ།།

སེམས་པ་ཁ་བར་སིམ་པའི་ཐ་སྙད་པས།།
བཀའ་གཙིགས་ཕྱི་མོ་སྙུ་གུའི་ཁ་རུ་བཙིར།།
དབུ་མོག་ཆད་པ་གནའ་བོའི་ལོ་རྒྱུས་དེ།།
ཐལ་མདོག་སྐྱ་བོའི་ལྡེབས་རིས་ཙམ་དུ་རྙེད།།

སྐར་མའི་རུ་མཚོན་གཡོ་བའི་མུན་ཁྲོད་ནས།།
སྐབས་རེ་ཆར་འབྲུ་འཁྱག་པོས་ཁོང་འདར་སློང་།།
མཚམས་རེ་གློག་གི་ཐག་པས་འཇིགས་པ་སྐྱེད།།
འོད་ཀྱི་ལམ་ཞིག་འདི་ནས་གང་དུ་འཚོལ།།

སུ་ཡི་རྐང་སྣེ་ཆར་ཏེ་མི་ཐར་བའི།།
མུན་པའི་རྙི་ཞིག་ལམ་ཁ་འདི་རུ་བཙུགས།།
རལ་བ་གཡའ་ཡིས་ཟིན་ཀྱང་སྒུག་བཟོད་པ།།
སྲོག་གི་དམ་ཚིག་ཅན་ཏེ་བཙན་པོའི་རྒྱུད།།

ང་རང་རུས་པ་ཞིག་གི་དཔའ་མཁར་ཡིན།།
ཁྲག་གི་སྒོ་བྱང་ཡོད་ན་ང་ལ་ཁོལ།།
ཁྱོད་ཀྱང་ལོ་རྒྱུས་སྟོང་གི་ཡང་ཏིག་ཡིན།།
གླེགས་བུ་དམ་ཕྲུག་ཅན་ཞིག་ཕྱི་ལ་གསོར།།

དོ་ནུབ་མུན་སྟུག་འདི་དང་གདོང་གཏུགས་ཏེ།།
དངན་པ་འཐེན་ཀྱིན་གདུང་བའིཤུགས་ཀྱིས་ངུ།།
ཁྲག་གི་ལམ་ཁ་འདི་ནས་སྐྱོབ་ཕོད་པའི།།
སྙིང་རྗེའི་ཕྱག་རྒྱ་ཅན་དེ་ཡིད་ལ་དྲན།།
      2014 5 20 



ཕྱི་དྲན་སྐྱ་བོ།
ནད་པ།  མགོ་ལོག

སྙན་ངག་བྲིས་ན་ལག་པ་ཞ་བ་འདྲ།།
ཚོར་སྣང་གྱེར་ན་གྲེ་བ་འགག་པ་འདྲ།།
མདོར་ན་ཅི་ཡང་ཡི་གས་མ་འཆུན་པའི།།
ང་ནི་ཁེར་རྐྱང་ཀློག་པའི་མཚན་མོ་ཉིད།།

འདི་ནས་ལྡོག་སྟེ་མི་ལོ་བཅུ་གྲངས་བརྩི།།
དེ་ནི་བྱིས་པའི་དུས་ཀྱི་བཞུད་ལམ་སྟེ།།
དྭངས་གཙང་ཤོག་དཀར་ལྟ་བུའི་འཚོ་བ་ཞིག།
ད་དུང་སྣང་བའི་ཀློང་ན་འབྱམས་སུ་ཀླས།།

མི་ཚེ་འདི་ནི་རྨི་ལམ་ཐུན་གཅིག་ཡིན།།
གར་འགྲོ་གར་འདུག་ངེས་པ་མ་མཆིས་སོ།།
སྡུག་བསྔལ་ཀློང་གི་འཚོ་བ་ནག་པོ་ཞིག།
གཟུང་འཛིན་སྣང་བའི་མངལ་ན་རིམ་གྱིས་ཆགས།།

བརྡ་དང་ཐ་སྙད་གང་གིས་མི་མཚོན་པའི།།
སེམས་ཀྱི་ཚོར་བ་མིག་ཆུའི་ཕྱི་ཤུན་ཅན།།
ཟླ་འོད་ས་ལ་ཟགས་པའི་མཚན་མོའི་ཆར།།
གཟུགས་མེད་རླུང་བུས་ཟོལ་གྱིས་སྙིང་ལ་ལྷུང་།།

འདི་ནས་བགྲེས་པོ་སུ་ཞིག་ཉི་མར་ལྡེ།།
རྐུམ་སྟན་འདི་ལ་བདག་པོ་མེད་ལགས་སམ།།
གྱང་ལ་སྦྱར་བའི་སྡེབ་རིས་ཧྲལ་པོ་དག།
བགྲེས་པོས་བསྐྱུར་བའི་ལྷ་ཚོགས་ཨེ་ཡིན་ནམ།།

མཚན་མོའི་ཟླ་འོད་མལ་གྱི་རོལ་མོའི་དབྱངས།།
ཁེར་རྐྱང་སྣང་བར་བསྟིམ་པའི་སྐད་ཅིག་ལ།།
རང་ཉིད་སུ་ཡིན་རང་ལ་མི་གསལ་བའི།།
ཁྱོད་ཀྱིས་དྭངས་གཙང་ནམ་མཁའ་བོར་རམ་ཅི།།

ཁོ་བོས་རང་ལ་བྲིས་པའི་མཛའ་གཞས་དག།
མིག་ཆུས་བརླན་པའི་སྐྱོ་བའི་འཁྲིས་སུ་སྦས།།
ཧ་ཅང་ཁ་ཁུ་སིམ་པའི་རོལ་མོའི་དབྱངས།།
སུ་ཡིས་བདག་གི་སེམས་ལ་དཀྲོལ་ལགས་སམ།།

ང་ཡིས་ཁྱོད་ལ་དཔྱིད་མགོའི་སྙན་ངག་བྲིས།།
ཚོར་བ་མཁའ་ནས་འཕགས་ཤིང་སེམས་ལ་ཟགས།།
ལོ་དང་ཟླ་བར་བསྙལ་བའི་ཐ་སྙད་ཚོགས།།
ཁེར་རྐྱང་སྣང་བའི་སྲིད་ལ་འཕྱོ་ཞིང་ལྡིང་།།

ད་ནི་སྐར་ཚོམ་མེད་པའི་མཚན་མོ་དྲན།།
ཟླ་འོད་ས་ལ་ལྷུང་བའི་མཚན་མོ་དྲན།།
ཁེར་རྐྱང་ཡིན་ལ་ཁེར་རྐྱང་མ་ཡིན་པའི།།
སྲིད་པའི་མཚན་མོ་དེ་ཀ་ཡང་ཡང་དྲན།།

མཚན་མོར་རྒྱང་རིང་ཕྱོགས་སུ་མིག་ཟུང་ཅེར།།
དེ་ནི་སྲིད་པའི་མཚན་མོ་ཀློག་ཚུལ་ཏེ།།
སྨག་རུམ་ཁྲོད་ཀྱི་ཚོར་བ་རློན་པ་དག།
མཚན་མོས་བྲིས་པའི་བརྡ་དང་ཐ་སྙད་དོ།།
2014-05-20 
ཉིན་དཔལ་ཡུལ།པ

 

 
 
བུད་མེད་དུས་ཆེན་དང་སེམས་གཏམ་རྗེན་མ།
[ 2014-3-9 13:05:23 | By: duodanjia ]
 
   

     བུད་མེད་དུས་ཆེན་དང་སེམས་གཏམ་རྗེན་མ།
          
རི་ཕྱོར་བ། 
ཁ་རྩང་དེ་རིང་ཚང་མས་ཁ་ནས་བུད་མེད་དུས་ཆེན་གླེང་གིན་ཡོད།།
སྐད་འཕྲིན་པོད་ཕྲིན་དྲ་ཚིགས་སོགས་སུ་པར་དང་སྨོན་འདུན་བརྗོད་ཀྱིན་ཡོད།།
ལ་ལས་བསྟོད་ཀྱང་འགའ་རེས་བསྔགས་པའི་སྙན་ཚིག་སོགས་ཀྱང་འབྲི་ཀི་ཡོད།།
འདི་ནས་སད་ཅིང་སངས་ནི་མིན་ཡང་སེམས་པའི་ངོས་ཀྱི་དྲོད་ཐིག་རེད།།

དུས་ཆེན་འདི་ཡི་འབྱུང་ཁུངས་དེད་ན་ནུབ་ཕྱོགས་ཨ་རི་རྒྱལ་ཁབ་རེད།།
དུས་ཆེན་འདི་ཡི་དར་རྐྱེན་བཤད་ན་རང་དབང་བརྩོན་ལེན་བྱེད་ཆེད་རེད།།
དུས་ཆེན་འདི་ཡི་དགོས་པ་གླེང་ན་ཕོ་མོ་འདྲ་མཉམ་ཡོང་ཆེད་རེད།།
དུས་ཆེན་འདི་ཡི་དམིགས་ཡུལ་བརྗོད་ན་རང་ངོ་རང་གིས་ཟིན་ཆེད་རེད།།

ཡིན་ཡང་དུས་ཆེན་རོལ་སྲོལ་འདི་ཡིས་ཁོ་བོར་སྡུག་ཅིག་བསླངས་ནས་ཡོད།།
ད་དུང་དུས་ཆེན་བསུ་སྲོལ་འདི་ལ་གུས་པ་ཞེ་རེ་མུག་ནས་ཡོད།།
གང་ལྟར་བུད་མེད་དུས་ཆེན་འདི་ལ་མི་གཅིག་བསམ་ཚུལ་བརྗོད་ཀྱི་ཡོད།།
གང་གི་མཚང་དང་སེམས་སུ་ཕོག་ན་མ་གནོད་བཟོད་ཅིག་མཐོལ་ལོ་བཤགས།། 

མཐོ་སྒང་འབྲོག་གི་ཨ་མ་རྣམས་ཀྱིས་དུས་ཆེན་མ་ཐོས་བསྐྱུར་ནས་ཡོད།།
སྨད་ཀྱི་ཞིང་ཚིགས་ཨ་ནེ་རྣམས་ཀྱིས་དུས་ཆེན་མ་རོལ་བྲེལ་ནས་ཡོད།།
བར་གྱི་གྲོང་གི་རྒྱ་མ་བོད་ཚོས་དུས་ཆེན་གཅིག་ཀྱང་སྐྱུར་ཀི་མེད།།
སྤྱི་ལ་དབང་བའི་དུས་ཆེན་འདི་ཡང་བོད་ན་ཉམ་ཆུང་ཉག་རེ་ཕྲ།།


སྐྱེས་པའི་དུས་ཆེན་བསུ་བ་འདི་ཡང་ཁ་གཡང་སྨོན་འདུན་རྐྱང་རྐྱང་ཞིག།
སྐྱེས་མའི་དུས་ཆེན་རོལ་བ་འདི་འང་འདུ་འཛིའི་གསོལ་སྟོན་ཙམ་པོ་ཞིག།
ལ་ལར་མཚོན་ན་དུས་ཆེན་མ་རེད་ཆེད་དུ་བཏབ་པའི་དུས་ཆད་རེད།།
འགའ་རེེར་མཚོན་ན་དུས་ཆེན་མ་རེད་ཧུབ་ཀྱིས་བཏུང་བྱའི་དུས་ཆང་རེད།།

དུས་ཆེན་ཉི་མ་གཅིག་གི་རྗེས་ན་མྱི་ཁ་དུས་དང་འགྲོགས་པ་ཞིག།
དུས་ཆེན་དུས་ཚོད་གཅིག་གི་རིང་ལ་དུས་མིན་འཁྲུགས་རྩོད་ལུང་བ་གང་།།
དོན་གྱིས་དུས་ཆེན་རོལ་པ་ཡིན་ནམ་ནང་དམེ་དུས་འཁྲུགས་བྱུང་བ་རེད།
དུས་ཆེན་འདི་ཡི་སྙིང་བོ་ཨེ་རྟོགས་གནམ་གྱི་ཕྱེད་ཀ་བུད་མེད་ཚོ།།

དུས་ཆེན་འདི་ལ་དོན་ཞིག་ལོས་དགོས་མེད་ན་རོལ་ནོ་སྟོང་བ་རེད།།
དུས་ཆེན་འདི་ཡི་དགོས་པ་ལོས་ཤེས་མ་ཤེས་དུས་ཚོད་འཕྲོ་བརླགས་རེད།།
དུས་ཆེན་འདི་ཡི་ལོ་རྒྱུས་ལོས་ཐོས་མ་ཐོས་མི་ཚེ་སྟོང་ཟད་རེད།།
དུས་ཆེན་འདི་ཡི་རིན་ཐང་ཨེ་རྟོགས་གནམ་གྱི་ཕྱེད་ཀ་བུད་མེད་ཚོ།།

དུས་ཆེན་རོལ་ཁར་འདང་ཞིག་ཨེ་བརྒྱབ་མ་བརྒྱབ་རི་བོང་ཅལ་འདྲོགས་རེད།།
དུས་ཆེན་རོལ་ཁར་དོན་ཞིག་ཨེ་བསམ་མ་བསམ་དྲེད་མོང་བྱི་རྐོ་རེད།།
དུས་ཆེན་རོལ་ཁར་ལམ་ཞིག་ཨེ་འདམ་མ་འདམ་བྱི་ལོང་ཞ་ར་མེད།།
དུས་ཆེན་འདི་ཡི་དགོས་པ་ཨེ་རྟོགས་གནམ་གྱི་ཕྱེད་ཀ་བུད་མེད་ཚོ།།


དུས་ཆེན་མ་སླེབས་དབང་ཞིག་ཨེ་བྱིན་མ་བྱིན་ཁ་བཤད་ཝུ་བ་རེད།།
དུས་ཆེན་མ་རོལ་བསྟོད་བསྔགས་ཨེ་བྱས་མ་བྱས་ཁ་སྟོང་ཚིག་སྟོང་རེད།།
དུས་ཆེན་མ་གླེང་སྐྱིད་ཅིག་ཨེ་གནང་མ་གནང་རང་མགོ་རང་གཡོགས་རེད།།
དུས་ཆེན་སྨོན་པ་རྐྱང་རྐྱང་ཙམ་དུ་གྱུར་ན་ཨེ་ཆོག་སྟག་ཤར་ཚོ།།

དུས་ཆེན་ཡར་སྔོན་དྲིན་ལན་ཨེ་དྲན་མ་དྲན་མི་བཤད་དགུ་བཤད་རེད།།
དུས་ཆེན་ཕྱིན་ཆད་ཐོབ་ཐང་ཨེ་བརྩི་མི་བརྩི་མི་ལས་དགུ་ལས་རེད།།
དུས་རེ་བརྗེས་ན་དོན་རེ་ཨེ་ཡོད་མེད་ན་མི་དྲན་དགུ་དྲན་རེད།།
དུས་ཆེན་སྙན་ཚིག་ཚན་པ་འགའ་ཡིས་བསྐྱལ་ན་ཨེ་ཆོག་སྟག་ཤར་ཚོ།།

དུས་ཆེན་ཡར་སྔོན་རང་དབང་ཨེ་ཡོད་མེད་ན་སྤྱོད་པ་གཏུམ་པོ་རེད།།
དུས་ཆེན་ཡར་སྔོ་དཀྱེལ་ཡངས་ཨེ་བྱིན་མ་བྱིན་སེམས་པ་དོག་པོ་རེད།།
དུས་ཆེན་ཡར་སྔོན་བྱམས་སྐྱོང་ཨེ་བྱས་མ་བྱས་གཤིས་ཀ་གྱོང་བོ་རེད།།
དུས་ཆེན་བསྡུས་གཟུགས་པར་རིས་འགའ་ཡིས་མཚོན་ན་ཨེ་ཆོག་སྟག་ཤར་ཚོ།།

བུད་མེད་དུས་ཆེན་རོལ་མཁན་ཚོས་ཀྱང་རང་ངོ་རང་གིས་ཟིན་ན་སྐྱིད།།
སྐྱེས་པ་དུས་ཆེན་བསུ་མཁན་ཚོས་ཀྱང་རང་འགན་རང་གིས་ཁུར་ན་དགའ།།
མདོར་ན་ཕོ་མོ་རྒན་གཞོན་ཡོངས་ཀྱིས་དུས་ཆེན་རིན་ཐང་རྟོགས་ན་སྤྲོ།
ཨ་མའི་མཚོན་པའི་སྐྱེས་མ་ཡོངས་ལ་བཀྲ་ཤིས་བདེ་ལེགས་དུས་ཆེན་བསུ།
    སྤྱི་ལོ་༢༠༡༤ལོའི་ཟླ༣ ཚེས༩་དགོང་མོར་རི་ཕྱོར་བ་སྟོབས་ལྡན་རྒྱལ་དུ་འབོད་པས་ཤར་མར་བྲིས། 

 
 
དུས་ཀྱི་མེ་ལོང་།
[ 2013-11-11 12:25:27 | By: duodanjia ]
 
དུས་ཀྱི་མེ་ལོང་། རི་ཕྱོར་བ་སྟོབས་ལྡན་རྒྱལ། རྩི་ཐོག་ཡོམ་ཡོམ་ལྡེམ་པའི་ཐང་ཆེན་ན།། ཆུ་མོ་ཤག་ཤག་བཞུར་སའི་སུམ་མདོ་ན།། རུས་པའི་ལྷུ་རྐང་མེ་རུ་སྒྲོན་མཁན་ཞིག། ངག་གི་བདེན་པ་འོད་དུ་བསུ་མཁན་ཞིག། སྨུག་པ་ལང་ལོང་རྒྱུ་བའི་རི་ཞོལ་དུ།། གངས་རླུང་འུར་འུར་ལྡང་བའི་སྡེ་གྲོང་དུ།། ལས་ཀྱི་ན་བཟའ་རླུང་དུ་བསྐྱོད་མཁན་ཞིག། སྤྱན་གྱི་མཆི་མ་ས་རུ་གཏོར་མཁན་ཞིག། དར་གྱི་རྩེ་མོ་ཤིག་ཤིག་བསྐྱོད་ས་རུ།། བསང་གི་དུ་བ་ལྷོག་ལྷོག་འཕྱུར་ས་རུ།། ཚོར་བའི་བ་སྤུ་ལང་ལོང་སྒུལ་མཁན་ཞིག། མཚན་གྱི་རྨི་ལམ་ཁྲོལ་ཁྲོལ་དཀྲོགས་མཁན་ཞིག། ཡིག་དྲུག་སེར་མ་ལམ་ལམ་འཕྲོ་ན་ས། འཁོར་ལོའི་དཀྱིལ་འཁོར་ཙིག་ཙིག་སྒྲོག་ས་ན།། ལས་ཀྱི་རྔུལ་ཆུ་ཤམ་ཤམ་གཏོར་མཁན་ཞིག། རྐང་གི་རྗེས་ཤུལ་གསལ་གསལ་འབྲི་མཁན་ཞིག། ཁ་བའི་འདབ་མ་ལྷབ་ལྷུབ་འཐོར་ས་ན།། འབྲོང་གི་སོ་སྒྲ་ཐག་ཐག་འཆའ་ས་ན།། ཉི་ཐིག་ལམ་ལམ་ལས་སུ་མནབས་མཁན་ཞིག། སྐར་འོད་ཆེམ་ཆེམ་རྒྱན་དུ་འདོགས་མཁན་ཞིག། ཕོ་མོའི་རི་གླུ་སིང་སིང་འཐེན་ས་ན།། ཉག་ཁའི་སྐྱ་མི་ཤར་ཤར་བཞུད་ས་ན།། གཟུགས་རིས་ཀེར་ཀེར་ཆུ་ལ་ཕབ་མཁན་ཞིག། གྲིབ་མ་ཡོར་ཡོར་གྲོགས་སུ་བསྟེན་མཁན་ཞིག། སྲོད་ཀྱི་རླུང་བུ་བསིལ་བསིལ་ལྡང་ས་ན།། སྐར་མའི་མིག་ཟུང་ལྷེམ་ལྷེམ་གཡོ་ས་ན།། སྙིང་གི་འཕར་སྒྲ་འུར་འུར་སྒྲོག་མཁན་ཞིག། སེམས་ཀྱི་ཁ་དོག་རྗེན་རྗེན་སྟོན་མཁན་ཞིག། ཕྲེང་ཐག་ཉིག་ཉིག་ལག་ནས་སྙེད་ས་ན།། སྙིམ་པ་སུམ་སུམ་སྙིང་དུ་སྦྱོར་ས་ན།། དམ་ཚིགས་ཆལ་ཆིལ་ཐིག་ལེ་ཕབ་མཁན་ཞིག། ཐ་སྙད་ཤམ་ཤམ་སྨྱུག་ཁ་སྐོར་མཁན་ཞིག མཆོད་མེའི་མེ་ལྕེ་ཆེམ་ཆེམ་འཕྱུར་ས་ན།། སྤོས་ཀྱི་དྲི་ངད་ཐལ་ཐུལ་ལྡིང་ས་ན།། ཐུགས་ཀྱི་འོད་ཟེར་ཤིག་ཤིག་སྩོལ་མཁན་ཞིག དབྱངས་ཀྱི་ང་རོ་འུར་འུར་སྒྲོག་མཁན་ཟིག། སྦྲ་ནག་སྒོར་དར་ལྷབ་ལྷུབ་བསྐྱོད་ས་ན།། ལུག་ཁྱུའི་འབའ་སྒྲ་ལྷང་ལྷང་སྒྲོག་ས་ན།། རིགས་ཀྱི་རྣམ་ཤེས་རྡོག་རྡོག་འདེགས་མཁན་ཞིག། ཡུལ་གྱི་བླ་སྲོག་ཏན་ཏན་སྲུང་མཁན་ཞིག། ༢༠༡༣ལོའི་ཟླ་༡༡ཚེས་༨ཉིན།
 
 
ཚོར་བ་སྐྱོམ་པའི་ངག་ཐུན།
[ 2013-11-5 12:17:05 | By: duodanjia ]
 
ཟིན་ཐོ་འདི་དོ་དམ་པས་ཞིབ་བཤེར་བྱས་རྗེས་ད་གཟོད་ལྟ་ཀློག་བྱེད་ཐུབ།
 
 
གསར་འགྱུར་དང་མེ་ལོང་།
[ 2013-10-26 15:40:36 | By: duodanjia ]
 
ཕྱི་གསལ་ནང་གསལ་གྱི་གསར་འགྱུར། རི་ཕྱོར་བ་སྟོབས་ལྡན་རྒྱལ། ཟླ་འདི་གའི་ཚེས་༢༦ ཉིན་མཚོ་སྔོན་དགེ་ཐོན་སློབ་ཆེན་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གི་རྩོམ་གྲོགས་དམ་པ་ཨ་རྟ་མགྲིན་སྐྱབས་ལགས་ཀྱི་ལེགས་རྩོམ་གཅེས་བཏུས༼ དབྱངས་ཀྱི་ཚོམས༽ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་ཏེ་ད་རབས་ཕྱོགས་སོ་སོའི་ཞིན་ཧྭ་དཔེ་ཁང་དུ་འགྲེམས་ཡོད་ལ། གཞན་ཡང་ཁོས་ད་བར་དུ་༼ ཟླ་ཟེར༽དང་༼གངས་རྒྱན་མེ་ཏོག༽ ༼བོད་ལྗོངས་ཉིན་རེའི་ཚགས་པར༽༼མཚོ་སྔོན་བོད་ཡིག་གསར་འགྱུར༽༼མཚོ་སྔོན་ཁྲིམས་ལུགས་ཚགས་པར༽༼ཀན་ལྷོའི་གསར་འགྱུར༽མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་༼སློབ་རའི་འགྱུར་ཁུགས༽སོགས་ཞིང་ཆེན་ཕྱི་ནང་གི་དུས་དེབ་དང་ཚགས་པར་སྟེང་སྙན་ངག་དང་ལྷུག་རྩོམ།དཔྱད་རྩོམ། འབོལ་རྩོམ། གསར་འགྱུར་སོགས་མང་དུ་སྤེལ་མྱོང་། ༢༠༠༨ལོར་རྒྱལ་ཡོངས༼སྨོན་ལམ་བུམ་པའི༽སློབ་འབྲིང་སློབ་མའི་རྩོམ་ཡིག་འགྲན་སྡུར་ཁྲོད་ཕུལ་བྱུང་བྱ་དགའ་དང་། ༢༠༡༠ལོར་༼གངས་རྒྱན་ན་ཆུང་ཚགས་པར༽རྩོམ་སྒྲིག་ཁང་གིས་སྤེལ་བའི་གཏམ་རྒྱུད་འགྲན་སྡུར་ཁྲོད་བྱ་དགའ་ཨང་གསུམ་པ། གཞན་དུས་དེབ༼སྤྲིན་གྱི་མེ་ཏོག༽གི་སྤྱིའི་དེབ་གྲངས་ཉི་ཤུའི་འཁྲུངས་སྐར་དང་སྦྲགས་པའི་རྩོམ་རིག་བྱ་དགའ་བཅས་ཐོབ། དེ་མིན་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གི་༼ལང་ཚོའི་ཚགས་པར༽ གྱི་ཕུལ་བྱུང་རྩོམ་སྒྲིག་པར་བདམས་ཤིང་། སློབ་གླིང་རིམ་པའི་རྩོམ་ཡིག་འགྲན་སྡུར་ཁྲོད་བྱ་དགའ་རེ་གཉིས་ཀྱང་ཐོབ་མྱོང་། ད་ལྟ་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་ཏུ་སློབ་གཉེར་གྱི་ལས་ལ་འབད་ཞོར་༼མིག་གསུམ་པའི༽རྩོམ་རིག་གླེང་སྟེགས་ཀྱི་ཚོགས་གཙོའི་འགན་འཁུར་ཡོད། འདི་ནི་ཁོས་མི་ལོ་ཉི་ཤུའི་ལང་ཚོ་རྩོམ་རིག་ལ་བསྟུམས་པའི་དད་རྟགས་དང་། རྣམ་དཔྱོད་ལས་འཚེར་བའི་འོད་ཀྱི་ཉག་མ་དེ་ཡིན་སྲིད། ད་ཆར་ང་ཚོས་གཞོན་ནུ་ཡར་སྐྱེས་འདི་དང་འདིས་མཚོན་པ་དག་ལ་རེ་སྐུར་དང་རྒྱབ་སྐྱོར། རེ་ལྟོས་ནི་ཅིས་ཀྱང་བྱ་དགོས་ལ།ཡང་གཅིག་བཤད་ན། འདི་ནི་མི་རབས་གསར་བའི་གསོན་ཤུགས་དང་ལང་ཚོ་སྨིན་གྲབ་ཡོད་པའི་རྟེན་འབྲེལ་ཙམ་དུ་བརྩིས་ན་ཡང་ཆོག་ཆོག་རེད། ཡིན་ཙང་། ཁོས་རྩོམ་གཤིས་དང་བསམ་བློའི་ཁ་ཕྱོགས། ཕུགས་ཀྱི་ཡང་སྙིང་ཤེས་སོགས་ཤེས་འདོད་མཁན་ཚོས་ཐ་སྙད་ཀྱི་གཤིན་ས་སྟེ༼ དབྱངས་ཀྱི་ཚོམས༽ལ་གཟིགས་དང་། ཁྱེད་ཅག་གི་ངལ་བའི་ཁམས་གསོ་དང་སྐོམ་པའི་འོ་ཇ་རུ་འགྱུར་ངེས། གཞན་ཡང་འགྲེམས་སྤེལ་ཁ་པར་/13107585197དང་། དྲ་གནས། www.qhmzcbs.com འདི་ལ་འབྲེལ་འཚོལ་བྱས་དང་ཆོག ཟླ༩ཚེས་༢༦ཉིན་རི་ཕྱོར་བ་སྟོབས་ལྡན་དུ་འབོད་པས་སྤེལ།
 
 
སེམས་དང་གཏམ།
[ 2013-10-1 13:16:16 | By: duodanjia ]
 
སེམས་དང་གཏམ། སྐར་མའི་མལ་སྟན་མཚན་གྱི་གཟུགས་ངོགས་ནས།། སེམས་ཀྱི་འཕར་རྩ་རྒྱང་དུ་གཏད་པའི་ཚེ།། རང་སེམས་ཤོར་སའི་ཁྱོད་ཀྱི་ཉེ་འགྲམ་ན།། ང་ཡི་རྣམ་ཤེས་ལྡང་ཞིང་གར་དུ་རྩེན།། ཆར་ཐིག་སིམ་སིམ་སྒེའུ་ཁུང་འགྲམ་དུ་སག། རླུང་བུ་བསིལ་བསིལ་ལུས་ཀྱི་རེག་བྱར་གྱུར།། ཁེར་རྐྱང་རྨི་ལམ་སྒོམ་པའི་ང་ཉིད་ཀྱིས།། སེམས་འདི་མ་ཤི་ཁྱོད་ཕྱོགས་འཁོར་ནས་ཡོད།། གྲོགས་ཀྱི་སྙིང་གཏམ་རྣ་ཡི་རྒྱབ་དུ་ཤོར། ། གྲོང་གི་མཛེས་སྡུག་མིག་གི་གམ་ནས་བོར།། ཁེར་རྐྱང་སྟོན་ལོར་འགྲོགས་པའི་ང་ཉིད་ཀྱིས།། དོ་ནུབ་མཚན་རིང་འདི་ཉིད་ཇི་ལྟར་སྐྱེལ།། གཞོན་པའི་ལང་ཚོ་ངང་གིས་ཡལ་བ་འདི།། དུས་ཀྱིས་བསྐྱལ་བའི་འོད་ཀྱི་ལྡོག་འཕྲོ་ཙམ།། དུངས་བའི་སེམས་པ་བརྩེ་བས་བརླན་པ་འདི།། ཁྱོད་ལ་དགའ་བའི་ཁྲག་གི་མཆོད་པ་ཡིན།། བརྩེ་བའི་ཁ་དོག་ལག་པས་རེག་རྒྱུ་དང་།། དུངས་བའི་འདུན་པ་གཟུགས་སུ་མི་ཤར་མོད།། སྙིང་ཆུང་འཚོ་སའི་ཡ་ཆུང་མ་ཆུང་ནས།། ཡལ་བ་མེད་པའི་གཟུགས་དེ་ཁྱོད་རང་ངོ་།། རང་ལུས་རིན་ཆེན་རྐྱེན་དང་རིམ་ནད་ཀྱིས།། དྲག་པོར་གཟུར་ན་བཅོས་པ་ཡོད་མོད་ཀྱང་།། མ་ཤི་གསོན་བྲལ་ལྟར་སྣང་བརྩེ་དུང་གིས། ། བྲང་ཁོག་ཚལ་བུར་བཏང་བ་སུ་ཡིས་གསོ།། ཕོ་གཞོན་མོ་གཞོན་ཟླ་སྟོན་རོལ་ལ་བྲེལ།། བདེ་འགྲོ་ཕལ་ཆེར་གཉིད་དུ་ཕྱིན་ལ་ཉེ།། དུངས་བ་རླབས་སུ་རྩེན་པའི་ང་ཉིད་ཀྱིས།། མ་གཉིད་ཁྱོད་རང་སེམས་སུ་ཉར་ནས་ཡོད།། མཚོ་མོའི་འགྲམ་དུ་ཕྱིན་པའི་འདྲ་པར་དེ།། ད་ལྟ་ཁོ་བོའི་མིག་གི་དཔལ་དུ་ཤར།། ཁ་པར་ལམ་ནས་བརྗོད་པའི་སྐད་ངག་དེ།། སྙན་འཇེབས་སྟོང་ལྡན་རྒྱུད་སྐུད་དབྱངས་སུ་འཐིམས།། དགའ་བ་འདི་ཡི་རྩ་བ་བརླན་པར་ཤོག། དུངས་བ་འདི་ཡི་རྩེ་མོ་རྒྱས་བར་ཤོག། སྦུ་རག་དམ་བུ་འགའ་ཡི་མངར་ཁའི་ཁྲོད།། སེམས་འཕྲིན་བཅུ་བ་ཁྱོད་ཕྱོགས་བཏང་བའོ །། སྤྱི་ལོ་༢༠༡༣ ཟླ་༩ཚེས་༡༩མཚན་མོར་ ཁེར་རྐྱང་གི་ཁང་མིག་ཞིག་ནས་རི་ཕྱོར་བ་སྟོབས་ལྡན་རྒྱལ་དུ་འབོད་པས་སྦྱར་བའོ།།
 
 
རུས་རྐང་གི་གླུ་སྐད། ༼གཞས་ཚིག༽
[ 2013-7-8 18:09:00 | By: duodanjia ]
 
 

                           རུས་རྐང་གི་གླུ་སྐད།

                    གཞས་ཚིག རི་ཕྱོར་བ་སྟོབས་ལྡན་རྒྱལ།

                     གཞས་མ། དཔལ་འཛོམས།

                                   

ཁྱོས་གོམ་པ་ཡི་རྡོག་སྒྲ་རེ་རེ་རི་ལུང་དུ་ཕབ་ནས།

ཁྱོས་ངལ་བ་ཡི་ལོ་ཟླའི་རི་མོ་ཡ་ཐོད་དུ་བྲིས་ནས།

དགོང་སྔོན་པོའི་སྤྲིན་དཀར་དབུ་ཞྭ་རུ་མནབས་སོང་།

ས་དོག་མོའི་སྒལ་གཞུང་གཞིས་ཁྱིམ་དུ་བསུ་མྱོང་།

ཕ་ཨ་ཁུའི་དབུ་འཕངས་ཀྱི་ངོ་སོ་འདི་ནས་བསྟད་ནས།

མ་སྲུ་མོའི་ལྷག་བསམ་གྱི་མར་ཁུ་འདི་ནས་འཁྱིལ་སོང་།

ལོ་རྒྱུས་ཀྱི་གཟི་མདངས་ཁྲོད་བསྐུངས་བའི་ཡིག་འབྲུ་གསོན་པོ།

དུས་རབས་ཀྱི་སོ་ཁ་ན་འབར་བའི་འོད་ཀྱི་ཚོམ་བུ།

གསེར་གྱི་མེ་ལོང་ཁྲོད་འཁོར་བའི་ང་རང་སྐྱེས་དུས་ཀྱི་མེས་པོ།

དངུལ་གྱི་གདུ་བུའི་ཁྲོད་ཟིམ་པའི་ང་རང་རྒུད་དུས་ཀྱི་མེས་པོ།

ང་ཡི་མེས་པོ། ང་ཡི་མེས་པོ།  ཉི་ཟླ་ལྟ་བུའི་ང་ཡི་མེས་པོ།

                                     

ཁྱོས་དམ་ཚིག་གི་མདུད་པ་རེ་རེ་སྙིང་རྩ་རུ་སྒྲོན་ནས།

ཁྱོས་བརྩེ་བ་ཡི་ཁ་དོག་རེ་རེ་མིག་ཟུང་གིས་འཚོས་ནས།

ཤིང་ལོ་མའི་འདབ་མ་གོས་དཀར་དུ་ཕུབ་མྱོང་།

དུང་ཟླ་བའི་འོད་སྣང་མགྲོན་པོ་རུ་བསུ་མྱོང་།

སྟག་ཤར་རའི་དཔའ་དར་གྱི་རླུང་རྟ་འདི་ནས་དར་སོང་།

སྨན་བུ་མོའི་སྤྱོད་བཟང་གི་ས་བོན་འདི་ནས་འཁྲུངས་སོང་།

འདས་ཟིན་གྱི་གཏམ་རྒྱུད་ཁྲོད་ཉར་བའི་བླ་སྲོག་དྲྭངས་མ།

རེ་སྨོན་གྱི་བསང་དུད་ཁྲོད་འཕྱུར་བའི་རླུང་རྟ་དཀར་པོ།

གསེར་གྱི་མེ་ལོང་ཁྲོད་འཁོར་བའི་ང་རང་སྐྱེས་དུས་ཀྱི་མེས་པོ།

དངུལ་གྱི་གདུ་བུའི་ཁྲོད་ཟིམ་པའི་ང་རང་རྒུད་དུས་ཀྱི་མེས་པོ།

ང་ཡི་མེས་པོ། ང་ཡི་མེས་པོ།  ཉི་ཟླ་ལྟ་བུའི་ང་ཡི་མེས་པོ།

                                         ༢༠༡༣        ༦ཉིན།

 
 
གཞས་ཚིག་ཅིག
[ 2013-6-19 11:01:29 | By: duodanjia ]
 
 

                                  སེམས་ཀྱི་མགུར་ཆུང་།

                                   ཚིག  རི་ཕྱོར་བ་སྟོབས་ལྡན་རྒྱལ།

                                   གླུ་བ།  དར་རྒྱས།

 

ཕ་གཞིས་གསེར་གྱི་ར་བར།།

ད་ལོར་ཁ་བ་བབས་སོང་།།

སྙིང་གཏམ་གསོན་པོའི་རི་མོ།།

ཁ་བའི་ཁྲོད་དུ་བབས་འདུག།

 

མེས་པོའི་རྣམ་དཔྱོད་ཕྲ་མོ།།

ལོ་རྒྱུས་གླེགས་བམ་ཁྲོད་ན།།

བླ་སྲོག་གསེར་གྱི་མེ་ལོང་།།

ཞལ་ཁ་ཕྱེས་ནས་ལྟོས་ཤིག

 

ལོ་རྒྱུས་དཀྱོགས་མཚམས་ཁྲོད་ན།།

ཕ་ཁུའི་གཏམ་རྒྱུད་བསྐུངས་ཡོད།།

རྣམ་དཔྱོད་འོད་ཀྱི་ས་བོན།།

གངས་རིའི་ལྗོངས་སུ་གཏོར་དང་།།

 

ཚེ་ཡི་འཇུ་ཐག་དམར་པོ།།

དབྱངས་ལ་ཐིམ་སོང་མ་ཟེར།།

རང་སེམས་ཆུ་མིག་མདུད་པ།།

མགུར་ཆུང་ནང་ལ་སིམ་ཡོད།། 

 
 
སེམས་དང་གཏམ།
[ 2013-6-13 15:02:16 | By: duodanjia ]
 

          

            སེམས་དང་གཏམ།

             _ དུང་དཀར་འཚོ་ཕུལ་བའི་སྙན་ངག་ཁག་ལྔ་བ།
                                ༡   
འཇིག་རྟེན་ནི་ཁ་དོག་མི་སྙོམས་པའི
ཆར་ཤུལ་གྱི་འཇའ་ཚོན་ཞིག
དུང་བ་ནི་རྨི་ལམ་རྫོབས་པོ་ཞིག་གི
སྐད་ཅིག་གི་ལག་འཇུ་ཙམ
གང་ན་བདེ་སྐྱིད་ཡོད་ན
དེ་རུ་མགྲོན་དུ་ཆས་ཆོག
གང་ན་བརྩེ་བ་ཡོད་ན
དེ་རུ་བླ་སྲོག་ཕུལ་ཆོག
སྡུག་བསྔལ་ལས་བདེ་སྐྱིད་བསྐྲུན་ཞིང་
དུང་བ་ལས་ཁྲག་ཐིག་འཕྱོ་དུས
ད་གཟོད
དགའ་བ་དང་དུང་བའི
རྨི་ལམ་དེ་རྒྱང་དུ་སྤུར་བསམ
དེའི་སྟབས་ཀྱིས
ང་ལ་གནས་ལུགས་དང་རྒྱུ་མཚན
གང་ཡང་མེད་པར་སེམས་པའི་ཟབ་ས་རུ
ཁྱོད་རང་བསྒོམས་ཡོད
ནམ་ཞིག་གི་ཚེ
སེམས་པ་གཉེར་མས་གཡོགས་ཤིང་
སྐྲ་ལོ་སེར་ག་གས་དུས
མིག་ཆུ་རྡོག་གཅིག་གི
ལེགས་སྐྱེས་དེ་དྲོད་ཅིག་གེར
གློ་སྙིང་གང་རུང་ཞིག་གི་
དབར་ནས་བརྩེ་བའི་ཕུལ་སྲིད་དམ
 
                            ༢            
མི་ཡུལ་ནི་སྣང་ངོར
གྲུབ་པའི་སྤྲིན་གྱི་ཚོམ་བུ་ཞིག
སེམས་པ་ནི་རླུང་གིས
དེད་པའི་རླབས་ཀྱི་གཉེར་རིས་དེ
གང་ལ་སེམས་པ་གླན་ན
དེ་རུ་སྙིང་སྡུག་ཡོད་སྲིད
གང་ན་རྣམ་ཤེས་ཡོད་ན
དེ་རུ་ལུས་རྟེན་བཅོལ་ཆོག
སྙིང་གཏམ་ལས་མིག་ཆུ་བཞུར་ཞིང་
བྲང་ཁོག་ནས་མེ་རི་འཕྱུར་དུས
ད་གཟོད་བརྩེ་བ་དང་རེ་བའི
ཕུགས་བསམ་དེར་ནན་གྱིས་སྙེགས་འདོད
དེའི་སྟབས་ཀྱིས
ངས་དགའ་བ་བདེ་སྐྱིད་ཅིག་ཏུ་བསམ་ནས
ཚེ་གཅིག་གི་དུང་བའི་ཤ་དྲོད་དེ་ཁྱོད་ལ་སྦྱིན་ཆོག
ནམ་ཞིག་གི་ཚེ
ཤི་གསོན་གཉིས་ཀྱི་བར་མཚམས་ནས
ལང་ཚོ་རུས་པས་གཡོགས་ཤིང་
སྙིང་གཏམ་ཁྲག་གིས་བརླན་དུས
འཛུམ་དཀར་གཡས་འཁྱིལ་ཞིག་གིས
ངའི་ལུས་པོ་ཚ་ལམ་མེར
དྲོད་ཀྱི་འོད་ཟེར་རེ་ཕུལ་སྲིད་དམ
              ་
                       སྤྱི་ལོ༢༠༡༣ལོའི་ཟླ་༦ཚེས༡༠ཉིན་
                        རི་ཕྱོར་བ་སྟོབས་ལྡན་རྒྱལ་དུ་འབོད་པས།
 
 
 
འཕྲིན་པ་དང་པོ།
[ 2013-6-13 11:52:19 | By: duodanjia ]
 
 

     འཕྲིན་པ་དང་པོ།

ས་ཆེན་གྱི་ལྟོ་བར་འོད་ཅིག་གེར

འཚེར་བའི་མུ་ཏིག་རྡོག་ཅིག

མིག་ཆུ་འཁྱིལ་སའི་བྲང་ཁོག་ཏུ

འཁྲུངས་བ་ནས་བཟུང

ཤི་གསོན་གཉིས་ཀྱི་ཡང་སྟེང་ན

རྒྱུ་བའི་རྣམ་ཤེས་ལྡོམ་པོ་དེ

ཆོག་ཤེས་མེད་པའི

དྲང་བདེན་གྱི་སློང་མོ་བ་ཞིག

དུས་དེ་ནས་བཟུང

ཁྱོད་ངའི་རྨི་ལམ་དུ་སླེབས་ཤིང

ང་ཡང་ཁྱོད་ཀྱི་མིག་ནང་དུ་འཁྲུངས

དོན་ངོ་མ 

 གཏམ་རྒྱུད་ཞིག་གི་མགོ་ཡང་

འདི་ནས་བརྩམས་བྱུང

ཏག་ཏག   

དེ་རིང་ཡང་རྨི་ལམ་རྨས་མ་ཞིག་གི

རྒྱབ་ལྗོངས་ནས་ཡང་བསྐྱར་ཁྱོད་དང

ཐག་ཉེ་རུ་བཅར་སོང    ཡིན་ཡང  

 རྣམ་ཤེས་ཀྱི་བྲན་དུ་ཚུད་པའི་ལུས་པོ་འདི

ཁྱོད་ཀྱི་ཉེ་འཁོར་ན་ཀེམ་ཀེམ་རྒྱུ་བའི

བྲན་གཡོག་ཅིག་དང་ཅི་འདྲའི་མཚུངས་ཨང

རྙིང་རུལ་དུ་གྱུར་བའི

འཕྲིན་པ་དང་པོ་ཡང་འདི་ནས་རལ་སོང

                  ༢༠༠༩   ༠༣   ༡༩ཉིན་བྲིས།

 
 
སྐར་མ་གཅིག་ལས་འཕྲོས་པའི་སྐད་ཆ།
[ 2013-6-12 17:42:14 | By: duodanjia ]
 

      སྐར་མ་གཅིག་ལས་འཕྲོས་པའི་སྐད་ཆ། 

          

སྐར་མ་གཅིག་གི་ཐག་སྒྲའི་དབར་ན་ཚེ་འདིའི་སྲོག་ཐག་བསྐུངས་ནས་ཡོད།། 

སྐར་མ་གཅིག་གི་བཞུད་ལམ་ཁྲོད་ན་མི་ཚེའི་རིན་ཐང་དཔར་ནས་ཡོད།། 

སྐར་མ་གཅིག་གི་དལ་བྲེལ་བར་ན་རེ་བའི་འདུན་མ་ཉར་ནས་ཡོད།། 

སྐར་མ་གཅིག་གི་དཀྱོགས་མཚམས་དབུས་ན་སྲིད་པའི་དར་རྒུད་གྲུབ་ནས་ཡོད།། 

 

སྐར་མ་གཅིག་ནི་རིང་རྒྱུ་མེད་པའི་ཟླུམ་གོར་འཁོར་ལོའི་རིང་ཚད་ཅིག། 

སྐར་མ་གཅིག་ནི་ཐུང་རྒྱུ་མེད་པའི་བསྐལ་བ་སྟོང་གི་རྩིས་ལེན་ཞིག། 

སྐར་མ་གཅིག་གི་བར་ནས་བཞག་པའི་ཁ་ནང་གཏམ་གྱི་རླངས་པ་དེ།། 

ང་ལ་མཚོན་ན་རིན་ཐང་ཆེ་ཞིང་ངང་གིས་སྒུག་པའི་མགྲོན་པོ་ཡིན།།

 

 སྐར་མ་གཅིག་གི་འཁོར་བསྐྱོད་རྗེས་ན་རེ་བའི་གཏམ་ཞིག་ཐོས་རྒྱུ་ཡོད།། 

སྐར་མ་གཅིག་གི་གཡས་དང་གཡོན་ནས་བསམ་པའི་དོན་ཞིག་འགྲུབ་རྒྱུ་ཡོད།། 

སྐར་མ་གཅིག་གི་སྐད་ཆ་དེ་ལ་གཞན་ལས་འདང་ཞིག་ཆགས་ནས་ཡོད།།

 སྐར་མ་གཅིག་གི་སྐད་ངག་དེ་ཡང་རྣ་ཡི་དཔལ་དུ་སིམ་ནས་ཡོད།། 

 

སྐར་མ་ཐག་ཐག་འཁོར་ནས་བུད་ཐལ་སྐུད་ལམ་བར་ན་སྒུག་ནས་ཡོད།། 

སྐར་མས་སྐོར་བ་འགའ་རེ་བརྒྱབ་ཐལ་ད་དུང་མིག་ཟུང་གྱེར་ནས་ཡོད།། 

སྐར་མ་འཁོར་ནས་སྐར་མ་ཤར་ཐལ་རེ་སྒུག་མཚན་གྱི་སྐར་ཚོགས་བཞིན།། 

སྐར་མའི་སྐུད་པའི་སྣེ་ན་རྒྱུ་ཞིང་སྐར་མདའི་ང་རོའི་གསེབ་ན་འདུར།། 

 

སྐར་མས་སྐར་མར་བསྐོར་ནས་ཤོར་ཐལ་སྐད་ཆ་ད་དུང་མ་ཡོང་ཐལ།།

 སྐར་མའི་རྗེས་ཀྱི་དུངས་བས་བརླན་པའི་སེམས་དེ་ད་དུང་གསོན་དེ་འདུག། 

སྐར་མའི་རྗེས་ཀྱི་སྐད་ཆར་སྒུག་ནས་ཐོ་རེངས་སྐར་ཆེན་ཤར་ལ་ཁད།། 

སྐར་མའི་འཁོར་ཚད་མགྱོགས་པ་ཡིན་ནམ་ཚུ་ཚོད་འཁོར་ལོ་ལན་པ་རེད།། 

 

སྐར་མའི་རྗེས་ཀྱི་སྐད་ཆ་དེ་ལ་སྒུག་གིན་སྒུག་གིན་་ཇེ་དལ་རེད།། 

སྐར་མ་རེ་རེའི་ཐག་སྒྲ་དེ་ཡང་ཉན་གྱིན་ཉན་གྱི་ཇེ་གསལ་རེད།། 

སྐར་མའི་རྗེས་ཀྱི་སེམས་ཚོར་དེ་ཡང་སྒོམ་གྱིན་སྒོམ་གྱིན་ཇེ་དྲག་རེད།། 

སྐར་མའི་འགྲོས་བསྟུན་སྙིང་ཆུང་དེ་ཡང་བརྟག་གིན་བརྟག་གིན་ཇེ་མགྱོགས་རེད།། 

 

སྐར་མའི་རྗེས་ཀྱི་ཁོ་མའི་སྐད་ཆའི་རེ་བ་ཇེ་ཆུང་ཇེ་ཆུང་རེད།། 

སྐད་མའི་རྗེས་ཀྱི་ང་ཡི་འདུན་པའི་གནོན་ཤུགས་ཇེ་ཆེ་ཇེ་ཆེ་རེད། 

སྐར་མར་འདྲེས་པའི་སྐད་ཆ་སྣ་ཚོགས་སེམས་ན་ཇེ་མང་ཇེ་མང་རེད།། 

སྐར་མའི་རྗེས་ཀྱི་སྐད་ཀྱི་རེ་བའི་ཉག་མ་ཇེ་ཕྲ་ཇེ་ཕྲ་རེད།། 

 

སྐར་མ་བཞུད་ཐལ་སྐད་ཆ་མ་ཡོང་ད་དུང་སྐད་ཆར་སྒུག་ནས་ཡོད།། 

སྐར་མའི་སྟེང་གི་ཐིག་མདའ་རེ་རེར་ཅེར་ཅེར་མིག་ཟུང་གཏད་ནས་ཡོད།། 

སྐད་མའི་གསེབ་ཀྱི་ཐག་སྒྲ་རེ་རེར་ཅོར་ཅོར་རྣ་བ་གླན་ནས་ཡོད།། 

སྐར་མའི་སྣེ་མོ་སེམས་ལ་ཐོགས་ཤིང་ལྷོག་ལྷོག་སྙིང་རྩར་སྦྲེལ་ནས་ཡོད།། 

 

སྐད་མ་རེ་རེ་ང་ཡི་ལུས་ན་ལྷོག་ལྷོག་རྒྱུ་བའི་ཟུང་ཁྲག་ཡིན།། 

སྐར་མ་རེ་རེ་ང་ཡི་ཐོད་ན་ཁྲོམ་ཁྲོམ་འཐོར་བའི་རྔུལ་ཆུ་ཡིན།།

 སྐར་མ་རེ་རེ་ང་ཡི་སེམས་སུ་དུང་བས་བརླན་པའི་ཆུ་ཐིགས་ཡིན།། 

སྐར་མ་རེ་རེ་ང་ཡི་བྲང་ན་ལྷེམ་ལྷེམ་ལྡིང་བའི་སྙིང་ཆུང་ཡིན།།

 

 སྐར་མའི་བར་ན་ལྷུག་གེར་བསྐུངས་པའི་ཡིད་ཆེས་བློ་ལ་འཇག་པར་བྱ།། 

སྐར་མའི་བར་ནས་ཤུབ་སེར་བརྗོད་པའི་དུངས་བ་སེམས་སུ་འཛིན་པར་ཞུ།། 

སྐར་མ་རེ་རེ་སྡུག་གིས་བསྐྱལ་བ་དྲན་པའི་ངོགས་སུ་འཆིངས་བར་གྱིས།། 

སྐར་མ་གཅིག་ལས་རིང་དུ་འཕྲོས་པའི་སེམས་ཚོར་རིན་ཐང་རྟོགས་པར་ཤག།

       ༢༠༡༣ལོའི་༦ཚེས་༨གྱི་མཚན་གུང་ཆུ་ཚོད་བཞི་ཡས་མས་སུ་

            རི་ཕྱོར་བ་སྟོབས་ལྡན་རྒྱལ་དུ་འབོད་པས།

 

 

                                     

 
 
ཁོར་ཡུག་གིས་བསྩལ་བའི་སེམས་ཁམས།
[ 2013-6-11 12:00:36 | By: duodanjia ]
 
ཟིན་ཐོ་འདི་དོ་དམ་པས་ཞིབ་བཤེར་བྱས་རྗེས་ད་གཟོད་ལྟ་ཀློག་བྱེད་ཐུབ།
 
 
ལྐོག་ཉན།
[ 2013-5-31 14:04:34 | By: duodanjia ]
 
 

ལྐོག་ཉན།

རྣ་བ་ཀེར་ཀེར་གྱིས

ཕ་གིའི་རི་བོར་ཉན་དུས

རི་རྐེད་དུ་ལྷོད་ཀྱིས་ལྡིང་བའི

སྤྲིན་པ་ལེབ་མོ་དེས

དྲན་པ་གཏོར་ཞིང་མིག་ཟུང་བཀབས

རྣམ་ཤེས་ཀྱི་གཤོག་ཟུང

ཡང་ཡང་ལྡེམ་ཡང

མྱི་སྐད་སྐྱ་བོ་ཞིག་དང་ལྷན་དུ

མྱ་ངན་གྱི་ཀློང་དུ་འཐིམས        

སྐབས་འདིར

ཁ་སྐམ་དབུགས་ཧད་ཀྱིས

སྤྱང་མོའི་ངུ་སྒྲ་འཚོལ་དུས

འབྲོང་ཁྱུའི་རྭ་རྩེད་ཅིག་གིས

རི་བོ་གཏོར་ཞིང

རྨིག་རྗེས་ཀྱིས་ས་ཆེན་གཡོགས

སེམས་ཀྱི་ཟབ་སར་འཁྲུངས་བའི

ཨོམ་ཡིག་རང་བྱོན་གྱི་ལོ་མ་དེཡང

དུས་ཀྱི་ཆར་ཆུས་རལ་ཞིང་རྡོག་པོར་བརྫིས

རྐང་རྗེས་ལེབ་མོ་འགའ་ཞིག

མིག་གི་དཔལ་དུ་གྲུབ་ཚར་ལ་ཉེ་དུས

རླུང་འཚུབ་ཅིག་དང་ལྷན་དུ་སྤུ་སོང

ཉན་གྱིན་ཉན་གྱིན

ཁེར་ཚུགས་ཀྱི་འོབས་ཀླུང་དུ

མགྲོན་པོ་བཞིན

ག་ལེར་ཆས་བསམ     

                                                 ༢༠༡༢ ༠༣ ༢༠ཉིན་བྲིས།

 
 
ལོ་ཟླས་དེད་པའི་མིག་ཆུའི་བཞུར་རྒྱུན།
[ 2013-5-29 17:08:10 | By: duodanjia ]
 
 

   ལོ་ཟླས་དེད་པའི་མིག་ཆུའི་བཞུར་རྒྱུན།

མིག་ཆུས་བརླན་པའི་སེམས་པ་ཞིག

ཁྱོད་ཀྱི་མངལ་དུ་སྦྲིམ་པ་ནས་བཟུང

སྟོང་ཆེན་པོའི་དགའ་སྐྱོ་ཆག་སྡང

མིག་ཟུང་ལས་མཆེད་ཅིང

མིག་ཆུ་ལས་མངོན

སྐམ་ལ་རུལ་བའི་ས་ཆེན་པོ་འདིའང

མིག་ཆུས་བརླན་ཤིང

མིག་ཆུ་འཁྱིལ་ས་ཁོ་ན་ཞིག

འདས་ཟིན་པའི་ལོ་ངོ་སྟོང་ཕྲག་གི་དེ་རིང་ཡང

སྨྲེ་ངག་ཤུབ་ཤུབ་དང

མིག་ཆུ་ཁྲོམ་ཁྲོམ་གྱིས

ཁྱོད་ལ་ན་ཟུག་ག་ཚོད་ཅིག་བརྗོད་ཡོད་ཨང

གང་ལྟར་ཡང

ཁྱོད་དང་མཇལ་བ་ནས་བཟུང

ང་ལ་འཛད་རྒྱུ་མེད་པའི་མིག་ཆུ་ཞིག་དང

སངས་རྒྱུ་མེད་པའི་སྐྱོ་བ་ཞིག

ང་རང་ཁྱེད་ལ་དུང་དྲག་པས་ཡིན་ནམ

ང་ལ་རྨང་ནས་སེམས་ནད་ཡོད་པས་ཡིན

མིག་ཆུ་འདི་ང་ཁོ་ནའི་སེམས་སུ་ཤོང་བ་ལས

སྟོང་ཆེན་པོའི་ཁམས་སུ་ཤོང་ངམ

དྲག་ཆར་སིལ་སིལ་དང

རླུང་བུ་འུར་འུར

འབྲུག་སྐད་ལྡིར་ལྡིར་དང

གློག་དམར་ཆེམ་ཆེམ

མྱ་ངན་གྱི་རུལ་བའི་ས་ཆེན་པོ་འདི

སྡུག་ཡུས་ཀྱིས་མནར་བའི་ཚོར་བའི་ཀློང་ན

སྟོང་ཆེན་པོ་འདི་མ་འཇིག་བར་དུ

ངའི་མིག་ཆུ་ལ་འཛད་མཐའ་མེད་དེ

ཉམས་ཀྱིན་པའི་གངས་རི་དང

སྐམ་ཀྱིན་པའི་རྒྱ་མཚོ

འབོར་བཞིན་པའི་སྦྲ་ནག་དང

བརྗེད་ཀྱིན་པའི་ཕ་སྐད

ད་དུང   འདོ་རིགས་རྟ་ཕོ་དང

ཐུལ་དཀར་འབྲི་མོ་་་་་་་

འདི་དག་ནི་ངའི་མིག་ཆུ་ལས་འཁྲུངས་ཤིང

མིག་ཆུའི་འབྱུང་ཁུངས་ཀྱང་འདི་དག་གོ

འོན་ཀྱང་ དེ་རིང་ངའི་མིག་ཆུས

གསོན་མ་ཐུབ་པ་དང་རྒྱས་མ་ཐུབ་པའི

མྱ་ངན་ཐང་གི་སྡོང་སྐམ་དེར

བྱིལ་བྱིལ་ཐེངས་ཤིག་རྒྱག་འདོད

འདི་ནི་རེ་བ་དང་ཡིད་ཆེས་ཀྱིས

ཕྱུག་པའི་མིག་ཆུ་ཞིག

འདི་ནི་ལ་རྒྱ་དང་སྤོབས་པས

ཁེངས་པའི་མིག་ཆུ་ཞིག

འདི་ནི་སྙིང་རྗེ་དང་བྱམས་བརྩེ་ལས

འཁྲུངས་པའི་མིག་ཆུ་ཞིག

དུས་ནམ་ཞིག་ལ་མིག་ཆུས

མྱ་ངན་ཐང་གི་བྱེ་རྡུལ་ཐལ་དུ་བརླགས་ནས

མཛེས་ཤིང་སྡུག་པའི་མེ་ཏོག་གིདཔལ་ཡོན་བསྐྲུན་ཏེ

འཇིག་རྟེན་འདིའི་ཚ་གདུང་གི་སྐོམ་པ་སེལ་ཐུབ་ན

དུས་དེར     ས་ཆེན་པོ་སྔར་ལས་འཕེལ་ཞིང་སྔར་ལས་རྒྱས་སྲི

                                ༢༠༡༢  ༠༢  ༠༣ཉིན་བྲིས།

 
 
བརྡ་ཁྱབ་ཀྱི་ནག་ཉེས།
[ 2013-5-11 22:40:54 | By: duodanjia ]
 
 

བོད་སྐད་ཀྱི་ལམ་ནས་སྤེལ་བའི་བརྡ་ཁྱབ་དང་

དེའི་ཞིང་འབྲོག་མི་དམངས་ལ་ཐེབས་པའི་

     ནག་ཉེས་ཀྱི་སྐོར་རོབ་ཙམ་གླེང་བ།

འདིར་བརྡ་ཁྱབ(广告)ཅེས་པ་ནི་དམིགས་བསལ་གྱི་དགོས་དབང་ཞིག་གམ་དངོས་པོ་གང་དེའི་བྱེད་ནུས་དང་།གྲུབ་ལུགས། རྒྱུ་སྤུས་སོགས་གསལ་བཤད་བྱེད་པའི་ཆེད་དུ་སྨྱན་གཟུགས་སོགས་རྣམ་པ་མི་

འདྲ་བ་བརྒྱུད་དེ་མི་དམངས་མང་ཚོགས་ལ་གསལ་སྟོན་དང་བརྡ་འཕྲིན་གྱི་རྣམ་པའི་བརྒྱུད་སྒྲོག་བྱེད་པའི་ལག་ལེན་ཞིག་གོ།

འདི་ལ་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་མི་སྒེར་སོགས་རྣམ་པ་མི་འདྲ་བའི་བརྡ་ཁྱབ་འདུ།སྒྲ་དོག་འཇུག་ལྟར་ན།དཔལ་འབྱོར་རང་བཞིན་གྱི་བརྡ་ཁྱབ་ཡིན་ན་ཚོང་རྫས་མཁོ་སྤྲོད་བྱེད་མཁན་དང་འཛད་སྤྱོད་བྱེད་མཁན་གཉིས་བར་གྱི་འབྲེལ་འདྲིས་དང་བརྡ་འཕྲིན་གཏོང་བྱེད་ཀྱི་ལག་ལེན་གལ་ཆེན་ཞིག་དང་།དམིགས་ཡུལ་ནི་རྒྱ་ཆེ་བའི་སྒོ་ནས་དཔལ་འབྱོར་གྱི་ཡོང་སྒོ་ཆེ་རུ་གཏོང་བ་དེའོ།། བརྡ་ཁྱབ་འདིའི་ཡོང་ཁུངས་ནི་ལ་ཏེན་ཡིག་རིགས་拉丁文ཡིན་ལ་ནང་དོན་ནི་སྐད་གསེང་མཐོན་པོའི་སྒྲོག་པའམ་འུར་ཆེན་པོའི་སྒྲོག་པ།རྒྱ་ཡིག་གི“我大喊大叫”གནའ་བོའི་རོ་མའི་古罗马ཁེ་བ་ཚོས་ཕན་ཚུན་ལ་ཚོང་རྒྱག་སྐབས། རྒྱུན་དུ་ཁྲོམ་སྲང་ནས་སྐད་གསེང་མཐོན་པོའི་ཚོང་རྫས་སྤུས་ལེགས་ཅན་སྡེབ་ཚོང་བྱེད་རྒྱུའི་ཆེད་དུ་བསྒྲགས་པར་རྗེས་སུ་བྱེད་ཐབས་འདི་ལ༼ བརྡ་ཁྱབ ༽ཅེས་མིང་ཐོགས།ཚོང་རྫས་སྣ་མང་ཅན་དུ་སོང་བ་དང་བསྟུན་ནས་བརྡ་ཁྱབ་བྱེད་སྟངས་ཀྱང་ཇེ་མང་ནས་ཇེ་མང་དུ་འགྱུར་བཞིན་ཡོད།བོད་ནང་ཁུལ་དུའང་བརྡ་ཁྱབ་བྱེད་སྟངས་ཀྱི་རྣམ་པ་ཅུང་སྔ་མོ་ནས་བྱུང་ཡོད་མོད་འདིར་གསལ་བོར་མི་འཆད་དོ།།དུས་རབསས་ཉེར་གཅིག་གི་དུས་འདིར་ཚན་རིག་ཇེ་རྒྱས་ཇེ་འཕེལ།བརྡ་འཕྲིན་ཇེ་མང་ཇེ་དར་།དཔལ་འབྱོར་ཇེ་རྒྱས་ཇེ་ལེགས་སོགས་ཕྱོགས་གང་གི་ཐད་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྟགས་མཚན་གསར་བ་ཞིག་མངོན་གྱི་ཡོད་པ་མ་ཟད་བརྡ་ཁྱབ་སྤེལ་བ་འདི་དུས་རབས་འཕེལ་རྒྱས་ཀྱི་མཚོན་རྟགས་ཤིག་ཏུ་སྣང་མོད།འོན་ཀྱང་།འདི་ལ་ཡང་ཟུར་མི་འདྲ་བ་དང་། ཕྱོགས་མི་འདྲ་བ།དམིགས་ཡུལ་མི་འདྲ་བ།ངོ་བོ་མི་འདྲ་བ་སོགས་ཀྱི་དབང་གིས་མིའི་བློ་འགུག་གི་ཐབས་དང་ཡིད་རྟོན་ནུས་འགུག་གི་ཆ་ཡང་གང་མང་ཞིག་ཡོད།དེར་མ་ཟད་ང་ཚོ་བོད་མི་རིགས་འདི་ཡང་ཐོག་མ་ནས་གཞན་ལ་ཡིད་ཆེས་བྱེད་སླ་ཞིང་།བདེན་རྫུན་དང་ལེགས་ཉེས་འབྱེད་རྒྱུར་མི་དགའ་བ།འུར་སྒྲོགས་དང་རྒྱ་ཡན་གྱི་གཏམ་གྱི་རྗེས་སུ་འབྲངས་སླ་བ་སོགས་གཤིས་སུ་གྲུབ་འདུག་པས་སོ།།

ཉེ་ཆར་ཡང་བོད་སྤྱི་ཚོགས་སུ་ངག་ཐོག་བརྡ་ཁྱབ་དང་བརྙན་འཕྲིན་རླུང་འཕྲིན་གང་རུང་བརྒྱུད་དེ་ཐོན་པའི་ཟས་རིགས་བརྡ་ཁྱབ་དང་།ལྭ་གསར་བརྡ་ཁྱབ།སྨན་རིགས་དང་བཏུང་ཆུའི་རིགས་སྣ་ཚོགས་ཀྱི་བརྡ་ཁྱབ།གཞན་ལས་ཁུངས་དང་མི་སྒེར་གྱིས་སྤེལ་བའི་བརྡ་ཁྱབ་སོགས་ཐབས་མི་འདྲ་བའི་སྒོ་ནས་ཞིང་འབྲོག་མི་དམངས་ཀྱི་རྣ་ལམ་དུ་སྒྲོག་གིན་ཡོད།སྣང་ཚུལ་འདི་བོད་ཀྱི་ཤེས་ལྡན་པ་ཚོར་མཚོན་ན་གནས་ཚུལ་གསར་བ་འཚོལ་སྡུད་ཀྱི་རྒྱུ་ཆ་བྱེད་རུང་བ།གནད་དོན་འདོན་སའི་སྟེགས་བུ་རུ་རློམ་ཆོག་པ།ལེགས་ཉེས་བླང་དོར་གྱི་དཔྱད་བྱར་རུང་བའི་དོན་སྤྱིར་བཏང་ཞིག་ཏུ་སྣང་མོད་།ཞིང་འབྲོག་མི་དམངས་ལ་མཚོན་ན་དེ་ལས་ལྡོག་སྟེ་དབྱེ་ཞིབ་དང་དོགས་སློང་གི་ནུས་པ་ཞན་པ།གཞན་གྱི་ཟེར་སྒྲོས་ལ་འབྲང་སླ་བ།དཔྱད་བྱའི་བློའི་གུ་དོག་པ་སོགས་རྐྱེན་གང་མང་ཞིག་གིས་ཐབས་སྣ་དགུར་འཛོམས་པའི་འུར་སྒྲོགས་ཀྱིས་སྤེལ་བའི་བརྡ་ཁྱབ་ཀྱིས་དཔལ་འབྱོར་ལ་ཤན་ཤུགས་ཆེན་པོ་ཐེབས་ཀྱིན་ཡོད།་དེར་མ་ཟད་མང་ཚོགས་ཐུན་མོང་ལ་གཅིག་མཚུངས་ཀྱི་འདུ་ཤེས་གསར་བ་ཞིག་ཡོད་པ་ནི་བརྙན་འཕྲིན་དང་རླུང་འཕྲིན་ལས་བརྒྱུད་པའི་བརྡ་ཁྱབ་ཡིན་ན་ཚད་མར་འཛིན་གྱི་ཡོད་པ་མ་ཟད་ཚོང་ར་ཆེན་པོའི་རིན་གོང་གཏན་འཁེལ་བྱས་ཟིན་པའི་ཚོང་རྫས་དེར་ཡང་ཧ་ཅང་ཡིད་རྟོན་གནང་གི་ཡོད།འོ་ན་རྒྱུ་མཚན་ཅི་ཡིན་ཞེས་དྲིས་ཚེ།ཚང་མས་མགྲིན་གཅིག་ཏུ་༼ རྒྱལ་ཁབ་ཀྱི་རེད ༽ཅེས་ལན་འདེབས་ཀྱི་ཡོད།འོན་ཀྱང་།ངས་ནི་འདིར་སྐད་གསེང་མཐོན་པོས་སྲིད་གཞུང་གི་ཆོག་མཆན་ཐོབ་ཡོད་པའི་གསར་འགྱུར་རམ་ཚོང་རྫས་སོགས་བདེན་པ་ཡིན་ལ་རྫུན་མ་མ་ཡིན་པའི་ངེས་པ་མེད་ལ་གསར་འགྱུར་རྫུན་མ་དང་ཚོང་རྫས་རྫུན་མ།བརྡ་ཁྱབ་རྫུན་མ་ཡང་རྒྱལ་ཁབ་ཀྱིས་སྤེལ་ཞིང་རྒྱལ་ཁབ་ནས་བྱུང་བ་ཡིན་ཞེས་བསྒྲགས་པ

ཡིན་ནོ།། 

 

སྤྱིར་བརྡ་ཁྱབ་འདི་ཁེ་ལས་ཀྱི་ཁེ་སྤོག་ལེན་བྱེད་ཀྱི་ཐབས་སམ་དུས་ཡུན་ཐུང་ངུའི་ནང་འུར་བརྗོད་ཀྱི་རྣམ་པའི་མིའི་བློ་འགུག་གི་བྱེད་ནུས་གལ་ཆེན་ཞིག་ཡིན་པས་འདིའི་ངོ་བོའི་ཆ་ནས་ཚོང་རྫས་ངོ་སྤྲོད་ལ་ཁ་གཡར་ནས་དམིགས་ཡུལ་ནི་ཚོང་རྫས་ཕྱིར་གཏོང་བ་དེའོ།།ལྷག་པར་དུ་བོད་ཡིག་བོད་སྐད་ཀྱི་ལམ་ནས་སྤེལ་བའི་བརྡ་ཁྱབ་ཀྱིས་མང་ཚོགས་ལ་ལྟ་འདོད་ཉན་འདོད་ཀྱི་འདུན་པ་ཇེ་ཆེར་གཏོང་བ་མ་ཟད་བློ་འགུག་ཡིད་རྟོན་གྱི་བྱེད་ནུས་ཀྱང་ཧ་ཅང་ཆེ།དེའི་སྟབས་ཀྱིས་ཚོང་རྫས་རྫུན་མ་དང་སྨན་རིགས་རྫུན་མ་སོགས་ཀྱིས་བོད་ཀྱི་ཆེས་སྤྱིར་བཏང་གི་རོང་འབྲོག་པ་རྣམས་ཀྱི་དཔལ་འབྱོར་ལ་གྱོང་གུད་ཚབས་ཆེན་ཞིག་ཐེབས་ཀྱི་ཡོད་པས་འདི་ནི་བརྡ་ཁྱབ་ཏུ་མ་གྱུར་བར་མགོ་གཡོགས་མགོ་སྐོར་གྱི་བྱེད་ནུས་ཁོ་ནར་གྱུར་འདུག་གོ།

 
 
གློ་བུར་དུ།
[ 2013-5-10 16:07:09 | By: duodanjia ]
 
 

གློ་བུར་དུ།

 ལན་རེར་བསམ་ན་ཡོད་པ།།

འདང་རེ་བརྒྱབ་ན་མེད་པ།།

ཐེ་ཚོམ་དོག་པས་མནར་བ།།

བརྩེ་བ་འདི་ཡིས་ལན་པ།།

 

ལ་ལས་དོན་དུ་བསམ་པ།།

འགའ་རེས་སྙིང་མེད་བསྒྲུབ་པ།།

བདེན་རྫུན་བར་ན་བསྐུངས་པའི།།

རྨོངས་བ་འདི་ཡིས་ལན་པ།།

 

ཐོབ་ན་ལྷག་པ་མེད་པ།།

མ་ཐོབ་སྡུག་བསྔལ་འབྱུང་བ།།

སྐྱིད་སྡུག་གཉིས་ཀྱི་འབྱུང་རྩ།།

སེམས་འདུན་འདི་ཡིས་ལན་པ།།

 

འགྲོགས་ན་ཚིམ་པ་མེད་པ།།

མ་འགྲོགས་མི་ཚིམ་མེད་པའི།།

རང་གི་ལག་ན་གནས་པའི།།

ཆགས་སྲེད་འདི་ཡིས་ལན་པ།།

 

བརྩེ་བ་ཚིག་གིས་གསོས་པ།།

དུང་བ་རྒྱུ་ཡིས་ཉོས་པ།།

གཡོ་བསླུའི་ཁྲོད་ན་འཚང་བའི།།

རྫུན་གཏམ་འདི་ཡིས་ལན་པ།།

 

བཤད་ན་རྫོགས་མཐའ་མེད་པ།།

མ་བཤད་མགྲིན་པ་བརྣངས་པ།།

ལྕེ་རྩེའི་སྣེ་ཡི་གཏམ་ལ།།

ཁ་བཤད་དོན་གྱིས་ལན་པ།།

 

མདོར་ན་འཇིག་རྟེན་འཁོར་བ།།

སྐབས་ཀྱི་སྐྱིད་དུ་གཡེང་ས།།

ཕོ་མོའི་བར་གྱི་བརྩེ་བ།།

དོན་གྱིས་སྙིང་བོའི་དབེན་པ།།

 
 
སྙིང་གི་ཐིག་ལེ།
[ 2013-5-8 16:16:39 | By: duodanjia ]
 
 

 སྙིང་གི་ཐིག་ལེ།

   DGCལ་ཕུལ།

གྲོང་ཁྱེར་གྱི་མཚན་ལྗོངས།

རྨི་ལམ་མ་ཡིན་པའི་འོད་ཀྱི་རི་མོ།

མངར་སྐྱུར་གྱི་བརྩེ་བ་རུམ་དུ་བཅུགས་ནས།

འདུ་འཛིའི་གྲོང་གསེབ་ནས་གོམ་པ་སྤོ་དུས།

ཡུན་རིང་ཉར་དྲག་པའི་སེམས་ཀྱི་སྐད་ཆས།

འཚང་ཁ་ཤིག་ཤིག་གིས་མགྲིན་པ་བརྣངས་སོང་།

གློག་འོད་ཆེམ་ཆེམ་མཆེད་པའི།

བོད་ལུགས་ཀྱི་ཟ་ཁང་།

རི་མོ་བས་པུར་རྩེ་ལས་ཐོན་པའི་གསེར་གྱི་འཁྱུག་རིས།

ཇ་ཁང་སྒོ་འགྲམ་དུ་བཏེགས་པའི་དྲིལ་བུ་ཆ་དེས།

མགྲོན་པོ་སུ་ཞིག་གི་རྣ་ལམ་དུ་གསང་བའི་དུང་བརྡ་བརྒྱབ་མྱོང་།

སྨྲ་གསལ་ངག་འཇམ་གྱི་ཁྱོད་ཀྱི་འབོད་སྒྲ་རྣ་བའི་དཔལ་དུ་སྨིན་དུས།

ད་གཟོད་སེམས་ལ་འཁྱིལ་བའི་སྐད་ཆའི་མར་ཁུ།

ཅིག་གར་དུ་རེ་བའི་མཆོད་རྐོང་དུ་དྲངས་ཆོག་ཨང་།

མིག་གི་མེ་ལོང་དུ་ཤར་བའི་གཟུགས་བརྙན་དེ།

ད་གཟོད་ཁོ་མོ་ཡིན་པ་གཞི་ནས་རྟོགས།

ངོ་མ། རྨི་ལམ་མ་ཡིན་པའི་ལས་ཀྱི་འོད་སྣང་།

དེ་རིང་སྦུ་རག་གི་མཆོད་པ་དང་འགྲོགས་ནས།

རྩེ་དགོད་ཀྱི་ཁྲོད་ནས་གསལ་ལེར་འཕྲོས་བྱུང་།

 ད་ནི་སེམས་ཀྱི་ལྷ་ཡུལ་དུ་ཐོན་བྱུང་།

ད་ནི་འཛོམས་པའི་རེ་འབྲས་དེ་སྨིན་སོང་།

འདི་ནི་ངའི་ཡ་ཆུང་དུ་བསྐུངས་བའི་སེམས་ཀྱི་མར་ལོ་ཡིན།

འདི་ནི་ངའི་ཡ་ཐོད་དུ་འཁྱིལ་བའི་བརྩེ་བའི་མིག་ཆུ་ཡིན།

སྐབས་འདི་ལ། ང་ཁྱོད་ཀྱི་ཁ་གཏད་དུ་འགྲེང་ཡང་།

སྐད་ཆའི་གསོན་ཤུགས་དེ་འགགས་སོང་།

སྨྲ་བསམ་བརྗོད་འདས་ཀྱི་ཚོར་བ་སྣ་ཚོགས་ཀྱིས།

སྙིང་གི་སྒོ་མོ་བཀགས་སོང་།

རེ་ཞིག་དགའ་བའི་མིག་ཟུང་དེ།

ཁྱོད་ཕྱོགས་སུ་གཏད་ནས་མི་འདུག་ག་མེད་བྱུང་།

ཡིན་ཡང་།  ཁྱོད་ཀྱིས་ངའི་སེམས་ཚོར་དེ་རྟོགས་ཀྱིན་ཨེ་ཡོད།

ཁྱོད་ཀྱིས་ངའི་ཡ་ཆུང་དེ་མཐོང་གི་ཨེ་ཡོད།

ཁྱོད་ཀྱིས་ངའི་བརྩེ་སེམས་དེ་མྱོང་གི་ཨེ་ཡོད།

ངོ་མ། ཞེན་ཆགས་འདི་སྡུག་བསྔལ་ཡིན་པ་ཤེས་བཞིན་དུ།

དགའ་བ་འདི་མནར་གཅོད་ཡིན་པ་རྟོགས་བཞིན་དུ།

སེམས་ཀྱི་ཁ་དོག་དེ་དམར་ལམ་མེར་ཁྱེད་ལ་བསྟན་ཡོད།

ཡིད་ཀྱི་བརྩེ་བ་དེ་དྲོད་ལམ་མེར་ཁྱོད་ལ་ཕུལ་ཡོད།

ལུས་ཀྱི་རྣམ་ཤེས་དེ་གསོན་མེར་རེར་ཁྱོད་ལ་བཅོལ་ཡོད།

དུང་བའི་འདུན་པ་དེ་ཁྲ་ལམ་མེར་ཁྱེད་ལ་གཏད་ཡོད།

རེ་བའི་མིག་ཟུང་དེ་རྣོ་ཅིག་གེར་ཁྱེད་ལ་འཕངས་ཡོད།

འདི་ནི་སྟག་ཤར་ཞིག་གི་བྲང་ཁོག་ནས་ཐོན་པའི་ཚིག་གསོན་པོ་ཞིག

འདི་ནི་ན་གཞོན་ཞིག་གི་སྙིང་ཁོང་ནས་བརྡོལ་བའི་ཀི་གསལ་བོ་ཞིག

འདི་ནི་ཕོ་རབས་ཞིག་གི་ཡ་ཆུང་ནས་མཆེད་པའི་མེ་དམར་པོ་ཞིག

དེའི་སྟབས་ཀྱིས་བརྩེ་བ་འདི་སེམས་སུ་འཛིན་རོགས།

དགའ་བ་འདི་ལུས་ཀྱིས་མྱང་རོགས།

ངའི་དགའ་བའི་ཁ་དོག་དམར་པོ་ཡིན།

ངའི་དུང་བའི་སེམས་པ་རློན་པ་ཡིན།

ངའི་སེམས་ལ་བརྩེ་བའི་རི་མོ་བྲིས་འདུག

ངའི་མིག་ལ་དུང་བའི་ཨ་ལུང་བྲིས་འདུག

སྙིང་གི་ཐིག་ལེ།

 
 
མཁན་པོ་བསོད་དར་ལགས་ལ་སྤྲིངས་པ།
[ 2013-4-29 0:30:23 | By: duodanjia ]
 
 

མཁན་པོ་བསོད་དར་གྱི་གསུང་རྩོམ་བཀླགས་རྗེས་ཀྱི་འཆར་སྣང་།

                     

སྲོག་གི་གཟུང་ཐག་གི་འོད་ཀྱི་རི་མོ

ཡར་ཀླུང་གི་བྱང་ཐང་དུ་ཕབ་ནས

ལྡེའུ་ལྟ་བུའི་ཡིག་འབྲུ་རེ་རེ

སེམས་ཀྱི་དཔྱིད་དུ་སྨིན་དུས

རི་རབ་ཀྱི་ཁོང་གསེང་ནས

བརྒལ་བའི་རྣམ་ཤེས་ཕྲ་མོ

རྒོད་པོ་གཤོག་ཐོག་བཞིན་གང་དུ་འཕུར་སོང་

འདས་མ་ད་གསུམ་གྱི་གསང་བའི་འཁོར་ལོར

གསེར་ཡིག་ག་ཚོད་ཀྱི་ཚོན་རྩིས་དཀྲིས་ཡོད

ལྐོག་གྱུར་གྱི་ཐ་སྙད་རེ་རེའི་བར་གསེང་ནས

གནམ་ས་འབྱེད་པའི་ལྡེ་མིག་དེ

ཆར་ཆུའི་མཆུ་མས་ཁྲོད་དུ་སྦས་ཡོད་ཨང་

                

འཁོར་བའི་དུག་ཁུའི་ཁྲོད་ནས

ཐོབ་ཤོར་གྱི་རྒྱ་ཆེན་བསྣམས་ཏེ

བདེན་པའི་མེ་ལོང་གི་ས་བོན་སྣུམ་པོ

ཁྱོད་དང་ང་ཡི་བྲང་གཞུང་དུ་གཏོར་དུས

མི་ཚེ་ཞེས་པའི་ཐ་སྙད་སྐམ་དེ

རླུང་ཁའི་མར་མེ་བཞིན

རྟགས་མི་རྟགས་ཀྱི་བར་གླེག་ཏུ་ཡོད་པ་ཚོར་ཨེ་སོང་

དྲན་པ་ནང་དུ་བསྡུས་ནས་སེམས་པ་གློད་དུས

སྨུག་པས་བཏུམས་པའི་རི་ཀློང་

ཞེ་ཆགས་སའི་དྲན་ཤིང་ཡིན་པ་རྟོགས་ཡོང་

བདེན་གྱི་བརྡར་བའི་སྨུག་རྩེས

རྫི་བག་གི་རྔམ་ཁ་གཏོར་ཡང་སྲིད

རྨི་ལམ་མ་ཡིན་པའི་དྲང་གཏམ་ཞིག

འདི་ན་བསྐུངས་ཡོད་ཨང་

                              

དུས་ཀྱི་རྡུལ་འཚུབ་ཀྱིུ་ང་རོའི་ཀློང་ནས

རེ་བའི་རྒྱུ་བའི་འོད་ཀྱི་རླུང་བུ

སྒྲུང་བ་རྒན་པོ་ཞིག་གི་ངག་ན་བསྐུངས་བའི

སྙན་འཇེབས་ཀྱི་རོལ་དབྱངས་ཇི་བཞིན

སྤྲིན་དཀར་གྱི་བང་རིམ་བརྟོལ་སོང་

བདེན་པའི་རྒྱ་གྲམ་དཀྱིལ་འཁོར་ས་རུ་ཆགས་དུས

རྒྱུ་འབྲས་ཀྱི་ས་བོན་རང་ཤུགས་ཀྱིས་འབུས་ཡོད

གྲིབ་རིས་དང་སྦྱར་བའི་རྣམ་ཤེས་གསོན་པོ

སྡུག་བསྔལ་བའི་འགྲོགས་པའི་མི་ཚེའི་འཚོ་བ

ཡོད་ཚད་བློས་བསླངས་ཀྱི་ཁྲོད་དུ་སྤྱུགས་ནས

ཚེ་སྲོག་གི་རྒྱུ་བ་ཐ་སྙད་འདི་དག་དང་འགྲོགས་ནས

སེམས་ཤུགས་ཀྱི་མེ་ལྕེས་རང་ཉིད་སྒྲོན་ཞིང་

སྤྱན་ཆབ་ཀྱི་ཐིགས་པས

ས་གཞི་དཀྲོགས་དུས

ད་གཟོད་ཁྱོད་ཀྱིས

ཕ་ས་བྲང་ལ་སྦྱར་ཡོད་པ་ཤེས་ཐུབ་ལ།

མ་ས་ལག་པས་སྲུང་ཡོད་པ་ཚོར་ཐུབ

རིགས་ཞེན་གྱི་ས་བོན་དེ་འདི་ན་འབུས་ཡོད།

གཏམ་རྒྱུད་ཀྱི་རྒྱུན་ཐག་རྣ་བས་བསུས་ནས

རི་རབ་ཀྱི་ཁོང་དུ་བརྒྱུད་དུས

ཟིལ་བ་ཁྲོམ་ཁྲོམ་ཁྲོད་ཀྱི་རྐང་རྗེས་དེ་རྙེད་སོང་

བདེ་སྐྱིད་འབའ་ཞིག་གཉེར་བའི་ལས་དབང་གི་རི་མོ

བསྐལ་བ་སྟོང་གི་ཡར་སྔོན་དུ་འདི་རུ་བཀོད་པ་འདྲ

གསལ་ལ་མི་གསལ་བའི་ཕྱིར་མིག་གི་ཚོན་མདངས

གངས་རིའི་དཔལ་དུ་ཆགས་དུས

ལུས་ངག་གིས་བསྐྲུན་པའི་རྒྱུ་འབྲས་ཀྱི་ས་བོན་དེ་

མིག་གི་དཔལ་དུ་འཁྲུངས་ཡོང་

རྣ་ཡི་རྒྱན་དུ་དཀྲིས་ཆོག

བདེན་དོན་གྱི་མེ་ལྕེས་རང་ལུས་སྒྲོན་ཤོག

གནས་ལུགས་ཀྱི་གདུ་བུའི་བསྲུང་འཁོར་ཆོངས་ཤིག

སྨག་རིམ་གྱི་སྐར་ཆེན་འདི་ན་ཤར་འདུག

ཚེ་སྲོག་གི་ས་བོན་འདི་ན་འབུས་འདུག

                                    མུ་འགོད།

                 

 
 
ཡིག་འབྲུ་གསེར་གྱི་གཤོག་པ་ཅན།
[ 2013-4-26 1:01:47 | By: duodanjia ]
 
 

     ཡིག་འབྲུ་གསེར་གྱི་གཤོག་པ་ཅན།

ཡར་ཀླུང་བཙན་པོའི་བྱང་ཐང་དུ།

འབྲུ་རིགས་ཀྱི་ས་བོན་གཏོར་སོང་།

གསེར་གྱི་ས་བོན་རེ་རེ།

 ཡབ་མེས་ཚོའི་རྔུལ་ཆུ་རེ་རེ།

སེམས་པ་གློད་ནས་བསམ་དུ། 

ཇེ་རིང་ཇེ་རིང་།

མིག་ཟུང་གྱེར་ནས་བལྟ་དུས། 

ཇེ་ཉེ་ཇེ་ཉེ།

རྔུལ་ཆུས་བསྐྲུན་པའི་ལོ་ཟླ། 

སུ་ཞིག་གི་སེམས་པའི་ཟབ་སར་འཛུལ་ཡོད།

ཁྲག་གིས་བྲིས་པའི་ཡིག་འབྲུ།

གང་ཞིག་གི་དྲན་པའི་དཔྱིད་དུ་བརྐོས་ཡོད།

 

ཀློག་གྱུར་གྱི་ཐ་སྙད་རེ་རེའི་བར་གསེང་ན། 

གནམ་སའི་སྒོ་མོ་འབྱེད་པའི་ལྡེ་མིག་ཀྱང་ཡོད་སྲིད།

གང་ལྟར། གསེར་ཆུས་བརྒྱན་པའི་ཡིག་འབྲུ་དེ་དག

བྱ་རྒོད་ཀྱི་གཤོག་པ་ལྟར་བརྐྱངས་ཤིང་

རྒྱང་རིང་དུ་འཕུར་གྲབས་ཀྱི་ལྟ་གོན་བྱས་འདུག

གངས་རླུང་གི་ང་རོས་རྡུལ་འཚུབ་གཏོར་ཞིང་

ཁེར་རྐྱང་གི་རྣམ་ཤེས་རི་ཁར་འཁྱམ་དུས།

ཡབ་མེས་ཚོའི་སྙིང་སྟོབས་ལ་ཚོན་གྱིས་དཀྲིས་པ་རྟོགས་སྲིད།

ཡིག་འབྲུའི་གཤོག་འོག་ནས། གསེར་གྱི་རང་མདངས་འཚོལ་ཅིག

 
 
དྲན་སྣང་ཐན་ཐུན།
[ 2013-4-24 15:34:27 | By: duodanjia ]
 
 

      དྲན་སྣང་ཐན་ཐུན།     

ཉིན་ལ་ཟླ་བརྩེགས་ཟླ་ཐོག་ལོ་བརྩེགས་རེ་སྒུག་མེ་ཏོག་བཞད་སྙམ་སྟེ།།

ཁྱོད་ལ་འཕྲིན་བསྐུར་འཕྲིན་ཐོག་སྐད་བསྐུར་གཞོན་པའི་ལང་ཚོ་ངང་གིས་ཡལ།།

སྙིང་ལ་ནད་ཕོག་ལུས་ཐོག་ཤ་ཟད་དྲན་པའི་རི་མོ་ཉམས་བྱས་ཏེ།།

གྲོགས་ལ་འབྲེལ་གཅོད་འཁོར་བ་ཡིད་ཆད་དབེན་པའི་གནས་སུ་འགྲིམ་ཨང་སྙམ།།

 

འདྲ་ལ་སེམས་གླན་སེམས་ལ་ཁྱོད་ཉར་བདེ་སྐྱིད་འཚོ་བ་རོལ་བསམ་སྟེ།།

ཟས་ལ་ཡི་ཆད་གོས་ཡང་ཧྲིལ་གྱོན་རང་ལ་བསྟུད་མར་མནར་གཅོད་ཐེབས།།

མིག་ལ་ཆུ་འཁྱིལ་གདོང་གི་འཛུམ་ཉམས་སྙིང་ཆུང་ལུ་གུ་ལྡིང་དྲག་ཏེ།།

ཡུལ་ལ་ཁ་འབྲལ་གཉེན་ནི་རྒྱབ་སྐྱུར་ས་མཐའི་གྲོང་དུ་འཁྱམ་ཨང་སྙམ།།

 

ཆུ་ལ་གཏམ་དྲིས་རླུང་ལ་སེམས་བསྐུར་གནས་ཚང་ཞིག་ལ་ཞེན་ཆགས་ཏེ།།

སློབ་ལ་རྗེས་ལུས་རྒན་གྱི་ཐུགས་དཀྲུགས་མི་ཚེའི་རིན་ཐང་འཇའ་ལྟར་ཡལ།།

བྲང་ལ་ལག་བཞག་བློ་ལ་ཞིབ་མོས་ཕྱིར་དྲན་བསམ་གཞིག་རིང་བཏང་ཚེ།།

དུས་ལ་འཕྲོ་བརླགས་སེམས་ལ་འགྱོད་སྐྱེས་སྐྱོ་བའི་ཨ་ཐང་ཤུགས་ཀྱིས་འཕྱུར།།

                                                    ༢༠༠༩    ༡༢   ༢༠ཉིན་བྲིས།

 
 
༤ . ༡༤དུས་དྲན་དུ་ཕུལ་བའི་སྙན་ཚིག་ཅིག
[ 2013-4-15 18:03:51 | By: duodanjia ]
 
 

   ༤ . ༡༤དུས་དྲན་དུ་ཕུལ་བའི་སྙན་ཚིག་ཅིག

                            

ཕ་ཡུལ་ན་སྔར་བཞིན་རླུང་བུ་གཡུག་གིན་འདུག

ཡུལ་མི་ཚོ ། རླུང་ཁའི་དར་ལྕོག་བཞིན་བུ་ཡུག་གི་ཁྲོད་ན་འཚོས་ཡོད།

དགོད་སྒྲ་དང་འཛུམ་མདངས་མེད་པའི་དུས་ཚིགས་འདི།

སུ་ཞིག་གིས་གནངས་བའི་བགོས་སྐལ་ཡིན།

འདི་ལྟར། ཕྱིར་དྲན་གྱི་མེ་ལོང་རྒྱང་ལ་གཏད་དུས།

རྒྱ་མཚོ་སྔོ་མོ་ནས་རལ་སྲིད།

 རྦབ་ཆུ་སྔ་མོ་ནས་འཇགས་འདུག

སྡོང་ལོའི་ཡལ་ག་འཐོར་ཤིང་མེ་ཏོག་གི་འཛུམ་མདངས་ཉམས།

ཁུ་བྱུག་གི་གསུང་སྐད་དབེན་ཞིང་རི་ཆུའི་ཁ་དོག་ཡལ།

ཅི་ཧུད། འདི་ནི་དུས་ཀྱིས་བསླངས་བའི་སེམས་ཀྱི་ན་ཟུག་ཅིག

འདི་ནི་ལོ་ཟླས་བསྐྱལ་བའི་ཡིད་ཀྱི་དྲན་ཤིང་ཞིག

འདི་ནི་ངག་ནས་མཆེད་པའི་སྡུག་གི་ང་རོ་ཞིག

ཡིན་ཡང་། ཡུལ་མི་ཚོ།

མིག་ཆུ་མ་གཏོང་རོགས།

ང་ཚོས་དད་པའི་སྙིང་སྟོབས་ཀྱི་དར་ཆ་དགུང་དུ་ཕྱར་ནས

རེ་བའི་ཉི་གཞོན་དེར་སྒུག་དགོས།

ང་ཚོས་ཡིད་ཆེས་འགྱུར་མེད་ཀྱི་བྱང་ཁོག་ཡངས་བོར་ཕྱེས་ཏེ

དཀར་གསལ་ཟླ་གཞོན་དེར་སྒུག་དགོས།

ང་ཚོས་སྨོན་པའི་ཁ་གཡང་གི་རེ་འབོད་རྒྱང་དུ་བཏང་ནས

མདངས་ལྡན་འཇའ་ཚོན་དེར་སྒུག་དགོས།

 

 ཡུལ་མི་ཚོ།  གདུང་གི་མིག་ཆུ་ཕྱེས་དང་།

སྤྲིན་འོག་གི་ཉི་མ་སེར་པོས་ས་ཆེན་འགེབས་པར་ཡིད་ཆེས་ཡོད།

ཆར་ཤུལ་གྱི་འཇའ་ཚོན་སྣ་ལྔས་གུར་ཆེན་ཕུབ་པར་ཡིད་ཆེས་ཡོད།

སེམས་ཁོང་གི་མེ་ཏོག་སེར་ཆེན་ལྷམ་མེར་བཞད་པར་ཡིད་ཆེས་ཡོད།

ཡུལ་མི་ཚོ། མི་ཆུ་མ་གཏོང་རོགས།

 

དུས་ཀྱི་རླུང་བུ་ཡི་འཁོར་སྐྱོད་ཁྲོད་ན་བུ་ཡུག་དང་གྲང་ངར་ཡོད་པ་ཆོས་ཉིད་ཡིན།

འཇིག་རྟེན་འཁོར་བ་ཡི་ང་རོའི་ཀློང་ན་སྡུག་བསྔལ་དང་སྐྱོ་བ་ཡོད་པ་ཆོས་ཉིད་ཡིན།

མི་ཚེའི་གོ་རིམ་གྱི་བང་རིམ་ཁྲོད་ན་ཀྱག་ཀྱོག་དང་འཕེལ་འགྲིབ་ཡོད་པ་ཆོས་ཉིད་ཡིན།

དེ་བས་ཡུལ་མི་ཚོ། མིག་ཆུ་ཕྱེས་དང་།

ང་ཚོས་གདུང་སེམས་འདི་སྤོབས་པ་རུ་བསྒྱུར་དགོས།

ང་ཚོའི་ན་ཟུག་འདི་སེམས་ཁོང་དུ་ཉར་དགོས།

ཡུལ་མི་ཚོ། གདུང་གི་མིག་ཆུ་ཕྱེས་དང་།

     

 
 
ཤོ་ལོ་ཀ་བརྒྱ་དང་བརྒྱད་ཅན་གྱི་བྲིས་རྩོམ་ཞིག
[ 2013-3-30 19:24:29 | By: duodanjia ]
 
 

སྐད་ཆའི་ཕྱི་ནང་།

༧༧

སེམས་ཀྱི་རྒྱབ་རྟེན་དཀོན་མཆོག།

ལུས་ཀྱི་རྒྱབ་རྟེན་སྲུང་འཁོར།།

སེམས་རྟེན་ལུས་རྟེན་དོར་ན།།

གཅེར་བུ་ཉིད་དང་ཁྱད་ཅི།།

༧༨

དུད་འགྲོར་མཁོ་བ་རྩྭ་རེད།།

ཕོ་བ་འགྲེང་ན་ཆོག་མོད།།

མི་ཡང་དེ་དང་འདྲ་བར།།

འཚོ་གནས་ཙམ་གྱིས་ཆོག་གམ།།

༧༩

ཤ་ཁྲག་གདོས་བཅོས་ཕུང་བོ།།

ག་རེ་ཉམས་ན་ཆོག་མོད།།

རྣམ་དཔྱོད་བློ་གྲོས་རྣོན་པོ།།

མ་བཀོལ་རུལ་ན་ཕང་ངོ་།།

༨༠

སྔ་ལངས་འཕྱི་ཉལ་ལས་དེར།།

ད་ལྟ་བརྩོན་རྒྱུ་མ་གཏོགས།།

སྐྲ་དཀར་ན་སོ་འཐོར་དུས།།

རང་ཤུགས་མལ་སར་འཁོར་ཡོང་།།

༨༡

ཕྱི་ཡི་སྐྱེ་འབྲས་ཙམ་པོ།།

སྒེག་པའི་རྒྱན་ཏུ་རུང་ཡང་།།

ཤ་སྐམ་རུས་པ་ཟད་དུས།།

སྡུག་པའི་འཕངས་ཉམས་ཤར་ཡོང་།།

༨༢

གཤིས་འཇམ་ཀུན་སློང་གཙང་མ།།

ཁྲ་ཆུང་མིག་གི་རྒྱན་ཆ།།

ཕྱི་ཡི་ལུས་རྟེན་བརྗེས་ཡང་།།

མི་གཤིས་སེམས་ཀྱི་ནོར་བུ།།

༨༣

བརྩམས་ཆོས་རྩོམ་མཁན་དབར་ལ།།

ངོ་བོ་དབྱེར་མེད་གྲུབ་ན།།

ལུས་པོ་གཅིག་གི་སྟེང་ནས།།

ཤ་པག་བགར་རྒྱུ་འདུག་གམ།།

༨༤

ཚིག་གི་སྡེབ་སྦྱོར་ཙམ་གྱིས།།

ཟབ་པའི་སྙན་ངག་གྲུབ་ན།།

ནེ་ཙོའི་ངག་གི་རྡབ་རྡིབ།།

སྙན་པའི་གླུ་རུ་བགྲངས་ཆོག།

༨༥

ལུས་པོ་ག་རུ་ཕྱིན་ཡང་།།

རྣམ་ཤེས་དེ་རུ་འབྱོར་ཡོད།།

རྣམ་ཤེས་རྒྱང་ལ་ཆས་དུས།།

ལུས་པོ་ས་རུ་བརྡབ་སོང་།།

༨༦

ལུས་ལ་ཆགས་པའི་ཚི་དྲེག།།

དྭངས་གསལ་ཆུ་ཡིས་ཀྲས་ཆོག།

སེམས་ངོར་འཐིམས་པའི་ས་རྡུལ།།

གཙང་ཆབ་གང་གིས་བཀྲུ་ནུས།།

༨༧

སེམས་ཁུར་ལྷག་མ་བྱེད་མཁན།།

འགན་འཁྲི་ཤེས་པའི་རྟགས་མཚན།།

གང་ཡང་མི་བསམ་མི་དེ།།

དོན་གྱིས་སྲོག་ལྡན་ཙམ་མོ།།

༨༨

ལྟོ་བའི་ཆེད་དུ་འཚོས་ན།།

ཕྱུགས་དང་ཁྱད་པར་ཅི་ཡོད།།

འཚོལ་བའི་ཆེད་དུ་འཚོས་ན།།

མི་བུའི་རང་མདངས་ཤར་ཡོང་།།

༨༩

རླབས་ཆེན་བྱ་བ་རེ་ལ།།

རྟག་ཏུ་བར་ཆད་འཁོར་ཡོང་།།

ཐ་ཤལ་རྐུན་མ་འཁྱམ་པའི།

བསྟན་པ་དགོང་ནས་དར་སོང་།།

༩༠

གོམ་ཁ་ཡར་ལ་གཏད་རུང་།།

མདུན་ན་བསུ་ནི་མི་འདུག།

གོམ་རྗེས་ལྷས་ནས་ལུས་ཀྱང་།།

རྒྱབ་ནས་སྐྱོར་ནི་མི་འདུག།

༩༡

རྐང་བ་རང་ལ་ཡོད་བཞིན།།

རྐང་རྗེས་དཔར་རྒྱུ་མིན་ན།

ལྷུ་ཆེན་ལྷུ་ཆུང་གཏོར་ནས།།

རྫིབས་པའི་དུར་དུ་འཕང་ཆོག།

༩༢

སེམས་ལ་འཁྲུངས་བའི་སྐད་ཆ།།

གླེང་བའི་སྤོབས་པ་མེད་ན།།

མགྲིན་པ་རྟ་རྔ་འདྲ་བོ།།

གློ་གྲིའི་དུམ་སེར་བཅད་ཆོག།

༩༣

ཤེས་བྱ་ཆུ་ཐིགས་བཞིན་དུ།།

ཡུན་དུ་གསོག་རྒྱུ་མ་གཏོགས།།

ཧམ་པའི་ཚད་ལས་བརྒལ་ན།།

ཝ་མོ་ཆུ་འཐུང་ཉིད་དོ།།

༩༤

དཔེ་ཆ་བཟང་བོ་བལྟ་བ།།

གྲོགས་བཟང་མཇལ་དང་མཚུངས་བས།།

ཉིན་དང་མཚན་ལ་གཏད་ནས།།

གླེང་མོལ་བྱས་ན་དགའ་ཨང་།།

༩༥

གོམ་པའི་ཚད་ལ་མཇལ་ནས།།

འཛམ་གླིང་ཇལ་རྒྱུ་དཀའ་མོད།།

དཔེ་ཆའི་རྒྱབ་རྟེན་འོག་ནས།།

རིག་པའི་སྤྱི་བསྐོར་རྒྱག་དགོས།།

༩༦

རྩོམ་གཤིས་རྩམ་དྲི་བཞིན་དུ།།

སྐད་ཅིག་མཆེད་པ་མེད་ཀྱང་།།

མི་གཤིས་མར་དྲི་བཞིན་དུ།།

རྟག་ཏུ་ལྟེམ་མེར་འཁྱིལ་ཡོད།།

༩༧

ཐོབ་དང་གོ་ས་མི་དགོས།།

མཚན་དང་སྙན་པ་དོར་ཆོག།

ཤ་དང་ཁྲག་ལ་འཐིམས་པའི།།

རང་དབང་ངེས་པར་ཡོད་དགོས།།

༩༨

འུར་དང་བསྟོད་པ་མི་དགོས།།

དཔལ་དང་འབྱོར་བར་མི་བསམ།།

ཚོར་བའི་ཀློང་ན་བསྐུངས་བའི།།

བརྩེ་བ་ངོ་མ་ཡོད་དགོས།།

༩༩

ཨ་མའི་ནུ་རིན་ཡིན་གྱི།།

སྤྲང་བོ་ཟས་སློང་མིན་ནོ།།

རིག་པའི་ཉིང་ཁུ་ཡིན་གྱི།།

འདྲ་བཤུས་གད་སྙིགས་མིན་ནོ།།

༡༠༠

འཚོ་བ་མེ་ལུང་ཟུར་ངོས།།

ཕྱིར་མིག་ཡང་ཡང་གནང་ཆོག།

ཚེ་སྲོག་དུས་ཚོད་བཞིན་དུ།།

མི་སྡོད་ཐག་ཐག་བཞུད་འགྲོ།

༡༠༡

མཚོན་གྱིས་རྨས་པའི་རྨ་ཁ།།

གསོ་བྱེད་སྨ་ལ་བསྟེན་ཆོག།

སྐད་ཆས་སྙིང་རྩ་གཏུབ་ཚེ།།

སྨན་མཆོག་གང་གིས་གསོ་ནུས།།

༡༠༢

རྒྱུ་དང་དངོས་པོ་མནར་ཚེ།།

གྲོག་དང་ཕ་མར་སློང་ཆོག།

རིག་གནས་ཤེས་བྱ་དབུལ་ཚེ།།

མིག་ཟུང་ཅེར་ནས་སྒུག་དགོས།།

༡༠༣

སྐད་དང་ཡི་གེའི་ཚེ་སྲོག།

པོ་ཏིའི་གསེབ་ན་བསྐུངས་ཡོད།།

པོ་ཏི་ཕར་སློག་ཚུར་སློག།

ཚེ་སྲོག་གཅིག་འཁྲུངས་གཉིས་འཁྲུངས།།

              ༡༠༤

དུས་ཀྱི་གོམ་སྒྲ་རིང་མོ།།

མཚན་གུང་སྐར་མདའ་ཁེར་འགྲོ།།

ནམ་སྟོད་སྤྲིན་པའི་གསེབ་ན།།

ནམ་སྨད་ཉི་མའི་གམ་ན།།

༡༠༥

མི་བུ་རེ་རེའི་སྟེང་ན།།

ནོར་བུ་ཁ་སྤྲོད་ཛོམས་པས།།

སེམས་པ་གུར་དུ་ཕུབ་ནས།།

འོད་ཀྱི་ཚོམ་བུ་བསྐྱིལ་ཤོག།

༡༠༦

བཞུད་ལམ་ཕྲ་མོ་རེ་ལ།།

རྔུལ་ཆུ་རྡོག་པོ་རེ་རེ།།

རྐང་དང་ཚིལ་གྱི་མདུད་པ།།

རྫ་རིའི་འདབས་ནས་གྲོལ་ཤོག།

༡༠༧

                  གཏམ་གྱི་མདུད་པ་རེ་རེ།།

                  ངག་གི་ཀློང་ནས་བསྐྲད་དེ།།

                  སེམས་ཀྱི་ཆུ་རྒྱུན་རིང་མོ།།

                  བདེ་མོའི་གཞུང་ནས་བསྐྱིལ་ཤོག།

          

                               ༡༠༨

མུ་འབྲེལ་སྙན་ངག་རིང་མོ།།

ཤ་སྐྱའི་བར་གསེང་བརྒྱུད་ནས།།

བདེན་པའི་སྐད་ཆའི་ཕྱི་ནང་།།

སེམས་ཀྱི་གཏིང་ནས་ཤོར་ཐལ།

            ༢༠༡༢  ༠༤  ༡༩ཉིན་བྲིས།

 
 
གཏམ་རྒྱུད་ཅིག་གིས་བསླངས་བའི་ན་ཟུག
[ 2013-3-28 18:07:52 | By: duodanjia ]
 
 

     

                          གཏམ་རྒྱུད་ཅིག་གིས་བསླངས་བའི་ན་ཟུག

                                 གྱེར་ཚིག  རི་ཕྱོར་བ།

                                  གྱེར་མཁན། ཆབ་བྲག་འཕགས་པ་འཚོ།

 

གཏམ་རྒྱུད་ཅིག་ཁ་བ་ལྟར་སེམས་ལ་བབས་ཏེ

སེམས་པ་འཁྱག་ཤུར་ཤུར་དུ་བཟོས་སོང་།

གཏམ་རྒྱུད་ཅིག་མིག་ལ་གློག་དམར་བཞིན་མཆེད་དེ

མགོ་བོ་ཡོམ་ཡོམ་དུ་བཟོས་སོང་།

གཏམ་རྒྱུད་ཅིག་ལུས་ལ་ཚེར་མ་བཞིན་བསྣན་ནས

ཡན་ལག་ཚ་བེར་བེར་དུ་བཏང་སོང་།

འདི་ནི་སེམས་སྐྱོ་བའི་གཏམ་རྒྱུད་ཅིག

འདི་ནི་ཞེ་མུག་པའི་གཏམ་རྒྱུད་ཅིག

 

གཏམ་རྒྱུད་འདིའི་རྒྱན་ཐག་གི་ཁུག་སོ་རེ་རེ་ན་མིག་ཆུ་ཐིག་པ་རེ་རེ།

གཏམ་རྒྱུད་འདིའི་བརྒྱུད་རིམ་གྱི་གོ་རིམ་རེ་རེ་ན་ཕྲེང་བའི་རྡོག་པོ་རེ་རེ།

གཏམ་རྒྱུད་འདིའི་རྒྱབ་ལྫོངས་ཀྱི་ལྟེབ་ཁུགས་རེ་རེ་ན་དྲན་གདུང་གི་འབོད་པ་རེ་རེ།

གཏམ་རྒྱུད་འདི་བརྗོད་མི་ཕོད་པའི་མི་ཡུལ་གྱི་དྲན་ཤིང་ཞིག

གཏམ་རྒྱུད་འདི་སྐྱུར་མི་ཕོད་པའི་སེམས་ཀྱི་རྨ་ཁ་ཞིག

 

འདི་ནི་རྣམ་ཤེས་དང་རྣམ་ཤེས་འཕྲད་པའི་དུངས་བའི་མེ་ལྕེ་ཞིག

འདི་ནི་སེམས་པ་དང་སེམས་པ་འདྲེས་པའི་བརྩེ་བའི་རྦ་རླབས་ཤིག

འདི་ནི་བདེན་པ་དང་ཡིད་ཆེད་འདྲེས་མའི་དད་པའི་སྙིང་སྟོབས་ཤིག

 

གཏམ་རྒྱུད་ཀྱི་རྒྱུན་ཐག་འདི་སེམས་ཀྱི་ཚེ་མདུད་ཡིན།

གཏམ་རྒྱུད་ཀྱི་རྒྱུན་ཐག་འདི་ལུས་ཀྱི་སྲུང་འཁོར་ཡིན།

གཏམ་རྒྱུད་ཀྱི་རྒྱུན་ཐག་འདི་སྙིང་གི་འཕར་ཚད་ཡིན།

གཏམ་རྒྱུད་ཀྱི་རྒྱུན་ཐག་འདི་ཁྲག་གི་ཁ་དོག་ཡིན།

གཏམ་རྒྱུད་ཀྱི་རྒྱུན་ཐག་འདི་མིག་གི་རྣོ་དབལ་ཡིན།

གཏམ་རྒྱུད་ཀྱི་རྒྱུན་ཐག་འདི་གདོང་གི་ཤ་པགས་ཡིན།

 

ཁྱེད་སྐུ་གཏམ་རྒྱུད་ཅིག་དང་ལྷན་དུ་ཕེབས་སོང་།

ཁྱེད་སྐུ་ཉི་འོད་ཅིག་དང་ལྷན་དུ་ཕེབས་སོང་།

ཁྱེད་སྐུ་འཇའ་ཚོན་ཞིག་དང་ལྷན་དུ་ཡལ་སོང་།

 

རིན་པོ་ཆེ།

ངས་དེ་རིང་སྙན་ངག་གི་མཆོད་པ་ཞིག་གིས་

ཁྱེད་ལ་མྱ་ངན་ཞུ་བཞིན་ཡོད།

རིན་པོ་ཆེ།  ངས་དེ་རིང་རོལ་དབྱངས་ཀྱི་འགྱུར་ཁུག་ཞིག

གིས་ཁྱེད་ལ་མྱ་ངན་ཞུ་བཞིན་ཡོད།

རིན་པོ་ཆེ།

ངས་དེ་རིང་ངག་འཛེར་འཛེར་གྱི་ངག་གིས་ཁྱེད་ལ་མྱ་ངན་ཞུ་བཞིན་ཡོད།

རིན་པོ་ཆེ།  

འདི་ནི་ལུས་ངག་ཡིད་གསུམ་གྱི་མྱ་ངན་ཞིག

འདི་ནི་དད་པའི་སྙིང་སྟོབས་ཀྱི་མྱ་ངན་ཞིག

འདི་ནི་གནམ་ས་སྐྱོ་བའི་མྱ་ངན་ཞིག

འདི་ནི་སེམས་ནས་བབས་པའི་མྱ་ངན་ཞིག

 

མྱ་ངན་གྱི་རོལ་དབྱངས་དང་འགྲོགས་ནས་ཁྱེད་རང་ཕྱིར་ཕེབས་ཤོག

མྱ་ངན་གྱི་གདུང་འབོད་དང་འགྲོགས་ནས་ཁྱེད་རང་ཕྱིར་ཕེབས་ཤོག

མྱ་ངན་གྱི་ངུ་སྐད་དང་ལྷན་དུ་ཕྱིར་ཕེབས་ཤོག

རིན་པོ་ཆེ།

   

 
 
བདེན་བཞི་གསལ་སྟོན་ཡང་སྟོན།
[ 2013-3-22 18:25:05 | By: duodanjia ]
 
 

      བདེན་བཞི་གསལ་སྟོན་ཡང་སྟོན།

             

སྡུག་བསྔལ་གྱི་བདེན་པ།

ཡིད་ཤེས་སྒོ་ལྔའི་དབང་ཤེས་གང་རུང་ཞིག།

ཡིད་དུ་མི་འོང་ཡུལ་དང་འཕྲད་པ་ལས།།

བྱུང་བའི་མྱ་ངན་ཅན་གྱི་རྣམ་པ་ཞིག།

བྱུང་བར་སྡུག་བསྔལ་ཞེས་པའི་མཚན་ཉིད་དོ།།

དངོས་སུ་འཕྲད་ཙམ་མྱ་ངན་མི་སྐྱེ་ཞིང་།།

ཕུགས་དང་མཐའ་འབྲས་མི་འདོད་རྣམ་པ་སྟེ།།

མྱ་ངན་བསྐྱེད་པའི་སྡུག་བསྔལ་ཕྲ་མོ་འོ།།

སོ་སྐྱེ་ཡིས་ནི་བདེ་བར་བཟུང་བ་དེ།།

འཕགས་པའི་སྡུག་བསྔལ་འབའ་རུ་ཐག་བཅད་ལ།།

མ་ནོར་ལུང་དང་རིག་པར་ཤུགས་ཆེ་བས།།

སྡུག་བསྔལ་བདེན་པ་ཟེར་ནས་བཏགས་པ་རེད།།

ཕྱི་ཡི་ཤ་དང་ཁྲག་གི་ཕུང་བོ་དང་།།

ནང་གི་ཟག་བཅས་གཟུགས་མེད་ཤེས་པ་སྟེ།།

ཉེ་བར་ལེན་པའི་ཕུང་བོ་ལྔ་ལ་སོགས།།

བདེན་པའི་གཞི་དང་ཉོན་མོང་མི་རྟག་པ།།

འབྲས་བུ་ཡིད་དུ་མི་འོང་འབྱིན་སྡུག་སྟེ།།

དོན་གཞན་ཀུན་གྱིས་བདག་གིས་སྟོང་བ་དང་།།

རང་སྐྱ་ཐུབ་པའི་རྫས་ཀྱི་མ་གྲུབ་པ།།

བཅས་ཀྱི་རྣམ་བཞིའི་སྒོ་ནས་སྡུག་བསྔལ་ཏེ།།

བདེན་པའི་ཕུང་བོ་ལྔ་སོགས་བསྒྲུབས་པར་འདོད།།

                       ཀུན་འབྱུང་བདེན་པ།

ཚིག་གི་ཟུར་ནས་ལས་དང་ཉོན་མོངས་ཏེ།།

དེ་གཉིས་འདུས་དེ་སྡུག་བསྔལ་ཀུན་འབྱུང་བའི།།

ཀུན་འབྱུང་ཞེས་པའི་ཐ་སྙད་འདི་བཏགས་སོ།།

ཉོན་མོངས་སྡུག་བསྔལ་ཀུན་གྱི་རྩ་བ་འམ།།

འབྱུང་ཁུངས་ལྟ་བུར་གྲུབ་ཀྱང་གནས་ཡོད་ལ།།

ཉོན་མོངས་ཞེས་པར་སེམས་རྒྱུད་ཀུན་དཀྲུགས་ཤིང་།།

རྙོག་པར་བྱེད་པས་དེ་ལྟར་བཤད་པ་འོ།།

ལས་དང་ཉོན་མོངས་ཀུན་འབྱུང་རྟེན་གཞི་སྟེ།།

རྒྱུ་དང་ཀུན་འབྱུང་རྐྱེན་དང་རབ་སྐྱེ་བཅས།།

ཁྱད་ཆོས་བཞི་བོ་འདི་ལས་ཉོན་མོངས་གཉིས།།

ཀུན་འབྱུང་ཡང་དག་བདེན་པར་བསྒྲུབ་པ་ཡིན།།

               

              འགོག་པའི་བདེན་པ།

འགོག་པའི་བདེན་པ་ཇི་ལྟར་འགོག་ཚུལ་འདི།།

གོང་དུ་བརྗོད་པའི་སྡུག་བསྔལ་རེ་རེ་བཞིན།།

རྒྱུད་ལ་བླངས་ཤིང་མྱོང་བས་དཔྱད་ན་ཤེས།

རྒྱུ་ཡིན་རྒྱུ་མིན་གཞི་རྒྱུ་མཐའ་དག་ལས།།

འབྲས་བུ་ཡིན་མིན་གཉིས་ཀ་མི་འབྱུང་བའི།།

རིགས་པ་གཉིས་ཀྱི་སྡུག་བསྔལ་དེ་དག་ནི།།

རང་གི་རྒྱུད་ལས་འཁྲུངས་བའི་ཐག་གིས་བཅད།།

དེ་ཡང་མི་མཐུན་རྒྱུ་དང་ནུས་མེད་རྒྱུ།།

ཁ་ཡར་རྒྱུ་ལས་མི་འབྱུང་ཤེས་ནུས་སོ།།

རྒྱུ་ཡོད་འགོག་ལུགས་འགོག་སྟངས་མ་ཤེས་ན།།

ཐོག་མར་རྒྱུ་དེར་གང་ཡིན་འཚོལ་དགོས་ཀྱི།།

དཔེར་ན་མི་འདོད་ནད་ཀྱིས་མནར་བའི་ཚེ།།

ནད་དེ་བཅོས་ཐབས་བརྟག་ཐབས་འཚོལ་དགོས་ཏེ།།

གོ་རིམ་དེ་ནི་ནད་ཀྱི་ངོས་འཛིན་ནོ།།

ནད་དེའི་རྒྱུ་རྐྱེན་འགོག་པའི་ལུགས་དང་ནི།།

འགོག་པའི་རྩ་བའི་གནས་ལུགས་གཅིག་པའོ།།

            ལམ་གྱི་བདེན་པ།

ལམ་དང་རིག་པ་སྒྲུབ་པ་ངེས་འབྱིན་བཅས།།

གསལ་བོར་བསྒྲུབ་པ་ལམ་གྱི་བདེན་པའོ།།

སྤྱིར་ཡང་ལམ་ལ་ཀུན་བཏུས་གསལ་འགྲེལ་ལས།།

ལམ་གྱི་བདེན་པ་གང་ཡིན་ཞེས་དྲིས་ཚེ།།

ཚོགས་ལམ་དང་ནི་སྦྱོར་ལམ་མཐོང་བའི་ལམ།།

སྒོམ་པའི་ལམ་དང་མཐར་ཕྱིན་ལམ་ལ་སོགས།།

ཚིག་ཟིན་ལྔ་ཡི་སྒོ་ན་གསུངས་བ་འདི།།

དངོས་བཏགས་མ་ཕྱེས་དབྱེ་བ་ཙམ་ཡིན་ཏེ།།

ཚོགས་སྦྱོར་གཉིས་ཀ་ཆོས་དང་དཀོན་མཆོག་ཏུ།།

འཇོག་ཏུ་མི་རུང་ལམ་བདེན་བཏགས་པ་དང་།།

མཐོང་སྒོམ་མི་སློབ་བརྗོད་པ་ལམ་གསུམ་སོགས།།

འགོག་པའི་བདེན་པ་མ་ཡིན་གཞིར་བཞག་ནས།།

ཆོས་དང་དཀོན་མཆོག་ཡིན་པར་ཐག་བཅད་ནས།།

ལམ་གྱི་བདེན་པ་དངོས་ལ་བཞག་པའོ།།

                            ༢༠༡༢  ༠༤  ༡༧ཉིན་བྲིས།

 
 
ཕྲན་གྱི་གྱེར་འདོན་གྱི་སྙན་ཚིག་ཞིག
[ 2013-3-10 22:02:25 | By: duodanjia ]
 
 

                                 མར་མེ་ཚེ་འབར།

                                           ཚིག་རྩོམ་མཁན། རི་ཕྱོར་སྟོབས་ལྡན་རྒྱལ།

                                           གྱེར་འདོན་མཁན། སྒྲོལ་མ་སྐྱབས།

ནུབ་ཁའི་གྲིབ་རུས་དང་ལྷན་དུ།

ཉི་འོད་དེ་ཡང་བསྐྱར་སེམས་སུ་གསལ་ལེར་ཤར་བྱུང་།

འདི་ནི་རྨི་ལམ་གྱི་འགྱུ་བག་ཞིག

འདི་ནི་རྣམ་ཤེས་ཀྱི་ཐུག་འཕྲལ་ཞིག

འོན་ཀྱང་།  ཉི་འོད་སྔར་བཞིན་མག་མོག་རེད།

རྩྭ་ཐང་སྔར་བཞིན་སྐྱ་སྐྱ་རེད།

ཆོས་དབྱིངས་དང་དུང་སྒྲའི་ཁྱབ་པའི་དགོན་ཆེན་དེ།

ད་ལྟ་མྱ་ངན་གྱི་སྨྲེ་ངག་འདོན་ས་ཤིག

ཟིལ་ཤུགས་དང་གཟི་མདངས་མཚེར་བའི་གཟིམ་ཁང་དེ།

ད་ལྟ་མགུར་གླུ་དང་མྱ་ངན་ཞུ་ས་ཞིག

ང་ཚོའི་སེམས་ལ་གཡག་ཁལ་ལྟ་བུའི་སྡུག་གི་ཁུར་བོ་བཀལ་འདུག

ང་ཚོའི་གདོང་ལ་ཆུ་ཕྲན་ལྟ་བུའི་སྨྲེང་བའི་མཆུ་མས་གཡོགས་འདུག

ངོ་མ། འདི་ནི་དུས་ཀྱིས་དེད་པའི་དྲག་པོའི་རླུང་བུ་ཞིག་མ་ཡིན་ནམ།

ལྟོས་དང་།  ད་ནི་སྟོང་པའི་ནམ་མཁའ་སྐྱོ་ནས་ཆར་གྱི་དངོས་གྲུབ་སྩོལ་བཞིན་པ་མཐོང་སོང་ངམ།

ད་ནི་ཡངས་པའི་ས་གཞི་སྐྱོ་ནས་སྡུག་གི་ལྭ་བ་མནབས་ཡོད་པ་དེ་མཐོང་སོང་ངམ།

ད་ནི་བརྗིད་པའི་བྲག་རི་སྐྱོ་ནས་འཐོར་བཞིན་པ་དེ་མཐོང་སོང་ངམ།

ད་ནི་མཛེས་པའི་མེ་ཏོག་སྐྱོ་ནས་སྐམ་བཞིན་པ་དེ་མཐོང་སོང་ངམ།

 ད་ནི་དྭངས་པའི་མཚོ་མོ་སྐྱོ་ནས་ཐག་བཞིན་པ་དེ་མཐོང་སོང་ངམ།

རེད་ཡ།   རང་བྱུང་གི་སྐྱེ་དངོས་དག་གིས་ང་ཚོ་ལ་འདི་ལྟ་བུའི་ཚོར་བ་སྟེར་དུས།

ཤ་ཁྲག་གདོས་བཅས་ཀྱི་གྲུབ་པའི་ང་ཚོ་དེ་ལས་ཀྱང་བཟོད་དཀའ་བའི་སྡུག་བསྔལ་དང་སྐྱོ་བ་ཡོད་ཆོག་ཆོག་ཡིན།

 

ངའི་ནམ་ཡང་སྐྱིད་ཀྱི་ཉི་མ་འདི་མཇལ་རྒྱུ་ཡོད་པ་ཤེས་ཡོད།

ངའི་ནམ་ཡང་སྡུག་གི་སྤྲིན་ནག་འདི་འཐིབས་རྒྱུ་ཡོད་པ་ཤེས་ཡོད།

 ཡིན་ཡང་།   ང་ནི་སྡུག་གཏམ་འདི་དྲང་བཞག་གི་གླེང་མཁན་ཡིན།

ང་ནི་མིག་ཆུ་འདི་སྐྱོ་གདུང་གི་འཕུད་མཁན་ཡིན།

རིན་པོ་ཆེ།  ཁྱེད་ཀྱིས་སྟོང་བའི་མཁའ་དབྱིངས་ནས་བརྩེ་བའི་ཕྱིར་མིག་ལན་ཅིག་གནོངས་དང་ །   

རིན་པོ་ཆེ།   ཁྱེད་ཀྱིས་བདེ་བའི་ཞིང་ཁམས་ནས་གསུང་གི་དབྱངས་རྟ་ལན་གཅིག་སྒྲོགས་

དང་།    རིན་པོ་ཆེ།  ཁྱེད་ཀྱིས་ཉམ་ཐག་པའི་དྭ་ཕྲུག་དག་སྙིང་རེ་མི་རྗེའམ།

  རིན་པོ་ཆེ།   ཁྱེད་ནི་ངའི་སེམས་ཁོང་ན་དྲག་ཏུ་འབར་བའི་མར་མེ་ཚེ་འབར་ལགས།

 

 
 
སྣང་ངོར་གྲུབ་པའི་བོད།
[ 2013-3-7 22:20:27 | By: duodanjia ]
 
 

                སྣང་ངོར་གྲུབ་པའི་བོད།

ལོ་རྒྱུས་ཐིག་གི་སྐུད་ལམ་དབར་ན་འོད་ཀྱི་རྡོག་འཕྲོ་འབར་བཞིན་ཡོད།།

སྒྲུང་དང་བཤད་རྒྱུན་ང་རོའི་གསེང་ན་བདེན་གྱི་ལུང་ཚིག་འཕྱོ་བཞིན་ཡོད།།

བཀའ་དང་བསྟན་བཅོས་ཤོག་ལྷེའི་ཁྲོད་ན་ཁྲག་དང་རྔུལ་ཆུ་བསྐུངས་ནས་ཡོད།།

ཤ་རུས་ཁྲག་གཅིག་བོད་པ་འདི་ཚོར་ལུས་ངག་ཡིད་ཀྱིས་མཆོད་ཅིང་བཀུར།།

 

བདེན་དོན་ཉི་ཐིག་ས་རུ་འཕྲོས་པ་གཟུ་བོ་མིག་གིས་བཟུང་ནས་ཡོད།།

སྙིང་རྗེའི་ཆུ་ཞགས་གྱེན་དུ་འཕྱུར་བ་འཇམ་པོ་ངག་གིས་འཚོས་ནས་ཡོད།།

ལ་རྒྱའི་མེ་ཕུང་ཕོན་པོར་འཐོར་བ་དམར་པོ་སྙིང་གིས་ཉར་ནས་ཡོད།།

ཕ་གཅིག་མ་གཅིག་བྱང་ཁོག་བརྒྱུད་པའི་བོད་པ་འདི་ཚོར་སྨོན་ཞིང་དད།།

 

དད་པའི་བློ་ཆོད་མཁའ་རུ་ཁྱབ་སྟེ་སྨོན་པ་སྤྲིན་དང་བསྡེབས་ནས་ཡོད།།

དྲང་བོའི་མཐའ་དཔྱོད་སྤང་དུ་མཆེད་དེ་རེ་འབྲས་མཁའ་དང་མཉམ་ནསཡོད།།

ཡིད་ཆེས་བསླུ་མེད་སྟོང་བར་བརྒྱུད་དེ་སྙིང་གཏམ་ཆར་དང་འདྲེས་ནས་ཡོད།།

རེ་བའི་ལས་གཞི་གཅིག་ལ་སྙེག་མཁན་བོད་པ་འདི་ཚོ་གཉོམ་ཞིང་དྲང་།།

 

དྭངས་གསལ་བློ་ཡི་ཁ་དོག་མ་ཡལ་རི་ཡི་གསེབ་ན་འོད་དུ་འཚེར།།

བདེ་མོ་གཏམ་གྱི་འགྱུར་ཁུག་མ་འཁྱོལ་ལྕེ་ཡི་རྩེ་ན་ལྷོད་ཀྱིས་འཇོ།།

དྲོན་མོ་ངག་གི་སྙིང་གཏམ་མ་དོར་ཡ་ཆུང་ཁོག་ན་ལྟེམ་མེར་འཕྱོ།།

དཔའ་མཛངས་གོ་ཆ་གོས་སུ་བཀླུབས་མཁན་བོད་པ་འདི་ཚོ་དྲག་ཅིང་བརྗིད།།

 

ཁ་བའི་འདབ་མ་སེམས་སུ་གཏོར་ནས་དམ་བཅའི་རི་མོ་ཕབ་ཅིང་བསྐྲུན།།

རེ་བའི་སྐར་ཚོམ་བློ་ནས་བགྲང་ནས་རྒྱལ་ཕམ་ང་རོ་སྒྲོག་ཅིང་སྤེལ།།

དུང་བའི་སྨོན་པ་རླུང་ལ་སྐུར་ནས་གསར་བརྗེའི་སྐད་ཅོར་བསྒྲགས་ཤིང་མཆེད།།

རུས་པའི་རྐང་ལ་མྱི་དྲི་དྲོ་བའི་བོད་པ་འདི་ཚོ་དཔའ་ཞིང་སྟོབས།།

 

ཕྱིར་རྟོག་མིག་བརྡའི་རྣོ་དབལ་ཕྲ་མོ་འབེན་གྱི་སྟེང་ལ་ཁད་ཀྱིས་བབས།།

ལྐོག་ཉན་རྣ་རྩེའི་ཟུར་ཁ་ལེབ་མོ་ཕ་རིའི་རི་བོའི་ཕྲག་ཏུ་འཐིམས།།

སྔོན་དཔག་བློ་ཡི་ཚོར་ཤེས་རེ་རེ་ཤ་ཡི་སྟེང་སྐྱེས་སྤུ་ལྟར་གཡོ།།

མ་འོངས་བདེ་སྡུག་སྙིང་དུ་སྒོམ་མཁན་བོད་པ་འདི་ཚོ་གཏུམ་ཞིང་རྒོད།།

                                                          ༢༠༡༢  ༠༢  ༢༤ཉིན་བྲིས།

 
 
ཆོས་ཀྱི་ཟུར་ཁ་ཉུལ་བའི་གཏམ་གྱི་རང་མདངས།
[ 2013-3-6 22:37:05 | By: duodanjia ]
 
 

ཆོས་ཀྱི་ཟུར་ཁ་ཉུལ་བའི་གཏམ་གྱི་རང་མདངས།

གང་ལ་སེམས་ཀྱི་དམ་པ་རིན་ཆེན་དེ།།

སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ཞིང་།།

གང་ལ་གནོད་པ་བྱས་ཀྱང་བདེ་འབྲེལ་བ།།

བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི།།

ཞེས་པའི་མཆོད་པའི་ཚིག་གིས་སྔོན་བསུས་ཏེ།།

བརྗོད་པར་བྱ་བའི་དོན་དེ་གང་ཞེ་ན།།

ཆོས་ཀྱི་རིན་ཐང་དགོས་པ་གལ་ཆེན་སོགས།།

ཆ་ཤས་ཡང་ཤས་ཙམ་ཞིག་འདིར་བརྗོད་བྱ།།

ང་ཚོ་ལྟ་བུའི་འགྲོ་བ་སེམས་ཅན་གྱིས།།

བདེ་བའི་དོན་དུ་གཉེར་ཞིང་དེར་བརྩོན་པ།།

སྡུག་བསྔལ་མི་འདོད་གཡོལ་ཐབས་བྱེད་པ་ནི།།

མངོན་ལྐོག་བྱ་སྤྱོད་སྟེང་ནས་ར་འཕྲོད་ཡོད།།

དེ་བས་སྤྱི་སེམས་སྒེར་སེམས་གཉིས་ལས་ནི།།

སྒེར་སེམས་དྲག་ཅིང་ཤུགས་ཆེན་ཡོད་པ་ནི།།

མི་ལ་ཡོད་པའི་ལྷན་སྐྱེས་ཆོས་ཉིད་དོ།།

དེ་ལས་ལྡོག་སྟེ་སྤྱི་སེམས་ཤུགས་ཆེ་ན།།

འཛམ་གླིང་ཞི་བདེ་སྤྱི་ཚོགས་བདེ་སྐྱིད་དང་།།

རང་དོན་ལྷུན་གྲུབ་མི་ཚེ་དོན་སྙིང་ལྡན།།

དེའི་སྟབས་ང་ཚོའི་མ་བསྐུལ་དང་ལེན་གྱིས།།

ཆོས་ཀྱི་སྙིང་བོ་ལེགས་པར་རྒྱུད་བླངས་ཏེ།།

སྤྱི་སེམས་ཤུགས་ཆེར་གཏོང་རྒྱུ་གལ་ཆེ་སྙམ།།

དེང་སང་འཛམ་གླིང་ས་ཕྱོགས་ཀུན་ཏུ་འང་།།

འཇིགས་སྐུལ་དོན་རྐྱེན་སྣ་ཚོགས་བྱུང་ནས་ནི།།

ཚང་མའི་སེམས་ཁམས་ལྷོད་ལ་འབབ་ཀྱིན་མེད།།

དེ་ཡང་ཞིབ་ཏུ་བསམ་ན་རང་སྐྱོན་ཏེ།།

རང་གི་ངོས་ནས་བྱུང་བའི་ཚོར་ཤེས་ཙམ།།

མདའ་གྲས་བསྣུན་རྒྱུའི་ཕྱི་ན་དགྲ་བོ་མེད།།

ནང་ན་ངན་སྔགས་གཏོང་ས་དེ་བས་མེད།།

ཡིན་ཡང་རང་སེམས་ཅི་འདོད་དབང་བསྒྱུར་མཁན།།

ཉོན་མོང་དུག་གསུམ་དགྲ་བོ་ངོ་མའོ།།

གནད་ཀྱི་རྩ་བ་དོན་དག་འདིར་དགོངས་ནས།།

ཐུགས་རྗེ་ཅན་གྱི་སྟོན་པ་རིན་པོ་ཆེས།།

ལོ་ངོ་ཉིས་སྟོང་བརྒྱད་བརྒྱའི་ཡར་སྔོན་ཏུ།།

ལྟ་བ་རྟེན་འབྱུང་སྤྱོད་པ་འཚེ་མེད་དེ་།།

གཞན་ཕན་སྙིང་བོ་གྲུབ་པའི་རྩ་བ་དང་།།

ཞི་བའི་རྨང་གཞི་བརྟན་པོ་འདི་ཉིད་མཛད།།

ཞིབ་ཏུ་བསན་ན་བསམ་བློ་གསར་བ་ཞིག།

འདྲེས་པར་གྱུར་ན་ཐབས་བཅོས་ལེགས་པོ་ཞིག།

རྩ་བ་སློག་ན་ཐུགས་སྟོབས་བླ་མེད་ཅིག།

རྒྱུན་ཏུ་བརྟག་ན་ཡ་མཚན་གསར་གཏོད་ཅིག།

འདི་ལ་ཤ་འདྲེས་པགས་འདྲེས་བྱས་ན་ནི།།

འགྲོ་བ་སེམས་ཅན་དབུགས་ཐོག་ཡོད་ཚད་སོགས།།

སྡུག་གི་མུན་ལས་སྐྱོབ་པར་ཐེ་མི་ཚོམ།།

སྤྱི་སེམས་ཤུགས་ཆེར་གཏོང་བའི་རྩ་བའང་།།

སྡེ་གཟེར་ཡོ་ལང་སེམས་ཅན་སྲོག་འཕྲོགས་ཅིང་།།

མ་རུང་གནོད་ཅིང་སྡུག་ལ་སྦྱོར་བའི་ལས།།

བཅོམས་ཤིང་འགོག་པའི་ཐབས་ལམ་གལ་ཆེན་ཏེ།།

སངས་རྒྱས་ཆོས་ཀྱི་མཐར་ཐུག་དགོངས་འམ།

བསླུ་མེད་ཆོས་ཀྱི་དགོངས་དོན་འདི་ཡིན་ནོ།།

རྩོད་རྙོག་འཁྲུག་མེད་བདེ་བའི་གཞི་ཡིན་ལ།།

གཞན་ལ་མི་འཚེ་རང་ལ་མི་གནོད་པའི།།

ཞི་བའི་སེམས་པ་རང་དབང་ངོ་མ་ཡིན།།

དེའི་ཕྱིར་སྟོན་པས་གཞན་སྡུག་མཐོང་བ་ལས།།

མ་བཟོད་སྙིང་རྗེ་རྒྱུད་ལ་འཁྲུངས་བ་དང་།།

སྡུག་བསྔལ་དང་དུ་ལེན་འདོད་ལྷག་བསམ་དང་།།

ད་དུང་དྲང་བདེན་ངོ་ཚ་ཁྲེལ་ཡོད་སོགས།།

བརྗོད་སྙིང་བྱས་ནས་ལམ་ཞིག་བསྟན་པ་རེད།།

དམ་་རྣམས་ཀྱིས་བརྟག་ཀྱང་དཔྱད་པའི་མཐར།།

སེམས་པ་ཁོ་ན་བདེ་སྡུག་འབྱུང་ས་སྟེ།།

སེམས་བཟང་དགེ་བའི་ལས་དེར་ནན་གྱིས་བསྐུལ།།

དགེ་བ་ཞེས་པ་ལང་ལོང་མ་ཡིན་ཏེ།།

གཙོ་བོ་གཞན་ལ་ཕན་པ་བསྒྲུབ་རྒྱུ་དེ།།

འདི་ལས་རང་གཞན་གཉིས་ཀར་བདེ་ཐོབ་ཅིང་།།

དགེ་སྡུག་སྤང་བླང་ཞེས་པའི་ཐ་སྙད་འདི།།

འབྲས་བུ་བདེ་སྡུག་རྒྱུ་ཡི་ཆ་ནས་བཏགས།།

འབྲས་བུ་མི་འདོད་སྡུག་བསྔལ་བསྐྱེད་བྱེད་རྒྱུ།།

སེམས་ལས་ངག་ལས་སྦྱོར་བ་ལུས་ཀྱི་ལས།།

འདི་གསུམ་མི་རུང་ངན་ནག་ལས་སུ་འདོད།།

དེ་ལས་བཟློག་ན་དགེ་བའི་ལས་སུ་གྲུབ།།

རང་གཞན་གཉིས་ཀའི་བདེ་སྐྱིད་འབྱུང་རྩ་འང་།།

དགེ་བའི་ལས་དེར་རག་པའི་སྟོན་པས་ཀྱང་།།

ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ལེགས་གསུངས་ཏེ།།

དེ་ཡང་ཐབས་ཚུལ་སྒོ་ནས་སྣ་ཚོགས་ཤིག།།

ལྟ་བ་རྟེན་འབྱུང་སྤྱོད་པ་འཚེ་མེད་ལ།།

གཞོལ་ཞིང་དོན་དངོས་མི་འཁྲུལ་མི་ནོར་བའི།།

ཆེད་དུ་གསུངས་ཤིང་ཕྱི་ནང་བདེན་པ་ཙམ།།

ལོག་པར་འཁྲུལ་ན་གསང་བ་ཕྲ་མོ་ཡི།།

གནས་ལུགས་ཅི་ཤེས་རང་བཞིན་མི་རྟོགས་སོ།།

ལས་བཟང་བྱས་རྐྱེན་འབྲས་བུ་བདེ་འབྱུང་ལ།།

ལས་ངན་བསགས་པའི་འབྲས་བུ་སྡུག་འབྱུང་བས།།

གསལ་སྟོན་ཡང་དག་རྟེན་འབྱུང་རིགས་པ་ལས།།

ལས་འབྲས་མི་བསླུ་འཁོར་འདས་རྣམ་གཞག་དེ།།

བྱུང་ཞིང་རིགས་པ་དེ་ཉིད་ལ་བརྟེན་ནས།།

སྟོན་པ་ཐུགས་རྗེ་ཅན་གྱིས་ལས་འབྲས་དང་།།

འཁོར་འདས་རྣམ་གཞག་རྣམས་གྲངས་དུ་མ་ཡི།།

སྒོ་ནས་མངོན་སུམ་གསུངས་ཤིང་བསྒྲུབས་པ་ཡང།།

རང་གཞན་ཀུན་འཕྲལ་བདེ་བ་འདྲེན་པའི་ཆེད།།

ཐུགས་དགོངས་འདི་ལ་མ་འགལ་མ་དོར་ན།།

ས་སྟེང་འདི་ཡི་རྒྱན་ཏུ་འགྱུར་སྲིད་དོ།།

དོན་ཏུ་བསམ་པའི་འཁྱེར་སོ་བཟང་པོ་ཞིག།

བཅངས་ནས་རང་གཞན་དོན་ལ་འབད་གྱུར་ན།།

ཆོས་ཀྱི་དགོངས་དོན་ཉིད་དང་རབ་མཐུན་ཞིང་།།

མི་བཟང་དོན་བཟང་ཞེས་པ་འདི་ལ་ཟེར།།

དགེ་སྡུག་སྤང་བླང་བྱས་དང་མ་བྱས་དང་།།

དམ་པའི་ཆོས་ལ་བསླབ་དང་མ་བསླབ་ཀྱང་།།

གཞན་ལ་མི་གནག་ཀུན་སློང་བཟང་བོ་ཞིག།

ཡིད་ལ་དམ་པར་བཅངས་རྒྱུ་གལ་ཆེན་ནོ།།

མདོར་ན་ཆོས་ཀྱི་མཐར་ཐུག་དམགས་ཡུལ་ནི།།

རིས་སུ་མ་ཆད་སེམས་ཅན་ཐམས་ཅ་ལ།།

བདེ་བ་ལྡན་ཞིང་སྡུག་བསྔལ་དང་བྲལ་ནས།།

ལུས་སེམས་བདེ་ལ་སྦྱོར་བའི་ཐབས་མཆོག་ཅིག།

བསྩལ་བ་ཆོས་ཀྱི་སྙིང་བོ་ཡིན་པར་འདོད།།

བཅོམ་ལྡན་འདས་ཀྱི་གསུངས་བ་ཐམས་ཅད་ཡང་།།

དོན་གྱིས་སེམས་ཅན་བདེ་ལ་འགོད་རྒྱུ་སྟེ།།

ཆོས་ཀྱི་ཟུར་ཁ་ཉུལ་བའི་གཏམ་གྱི་མདངས།།

མ་བཅོས་བློ་ཡི་ངོས་ནས་ཤར་བའོ།།

                                 

 
 
མྱ་ངན་ཞུ་ཡིག
[ 2013-1-7 22:49:46 | By: duodanjia ]
 
 

       གདུང་དབྱངས་ངག་གི་མཆོད་པ།

     

                   ༧རྗེ་བརྩི་བཞག་རིན་པོ་ཆེ་ལུང་རྟོགས་རྒྱ་མཚོ་མཆོག་སྐུ་མྱ་ངན་ལས་འདས་པའི་རྗེས་དྲན་དུ།

དུས་ཀྱི་ཆར་ཆུས་རི་ཀླུང་གཏུབ་ནས་སྤང་གི་ཁ་དོག་བསྒྱུར་ནས་ཡོད།།

དྲག་པོ་རླུང་གིས་རྩི་ཏོག་གཏོར་ནས་འཇག་མའི་ཤུགས་གླུ་མནན་ནས་ཡོད།།

འཇའ་ཡི་ཁ་དོག་སྨུག་གིས་གཡོགས་ཏེ་མིག་གི་མཐོང་རྒྱ་བཀགས་ནས་ཡོད།།

དྲོན་པོའི་སེམས་འདི་རླུང་བུས་དེད་པའི་སྟོན་གྱི་བ་མོ་མཁའ་ཉུལ་འདྲ།།

 

ངག་གི་ཕོ་ཉས་སྟོང་ཁམས་བརྒྱུད་ནས་བྲག་ཅ་རི་ལ་འཁོར་ནས་ཡོད།།

སེམས་ཀྱི་རྟ་ཕོས་བྱང་ཁོག་བསྐྱུར་ནས་རྨུག་གས་རི་མོ་འབྲི་བཞིན་ཡོད།།

དྲན་པ་སྣ་ཚོགས་འདུ་ལོང་དགོད་པའི་ཁམས་ཆེན་འཇིག་རྟེན་འཁོར་བ་འདི།།

བརྩེ་བ་སྐད་ཅིག་ང་རོའི་འོག་གི་ཉ་གང་བཅོ་ལྔའི་དུང་ཟླ་འདྲ།།

 

མྱ་ངན་དབྱངས་རྟའི་འགྱུར་ཁུག་རེ་རེ་ཕ་གིའི་སྤྲིན་པར་འདྲེས་ནས་ཡོད།།

བདེན་པའི་སྟོབས་ཀྱི་སྨྲེ་ངག་སྐྱུར་པོ་དམར་པོ་སྙིང་རྩར་སྦྲེལ་ནས་ཡོད།།

དྲན་གདུང་འབོད་པའི་ས་བོན་སྣུམ་པོ་མྱ་ངན་ཐང་དུ་གཏོར་ནས་ཡོད།།                                   

ལས་དབང་ཕྲ་མོའི་འོད་ཀྱི་ཐིག་ལེ་རླུང་ཁའི་སྣུམ་ཟད་མར་མེ་འདྲ།།

 

ས་ཆེན་ལྟེབ་ཁུག་གྲིབ་མས་གཡོགས་པ་དུས་ཀྱི་ལྡོག་འཕྲོ་ཉིད་དུ་ཟད།།

རི་ཆེན་རྐེད་པ་སྨུག་གིས་བཏུམས་པ་ནམ་ཟླའི་འགྱུ་བག་ཁོ་ནར་རག།

ཆུ་ཆེན་གྲང་ངར་འཁྱག་གིས་བསྡམས་པ་དགུན་གྱི་བུ་མོ་ཐོན་པའི་རྟགས།།

ན་ཟུག་སེམས་ཀྱི་དཀྱིལ་དུ་བཅངས་ནས་སྐྱོ་བའི་ཀློང་ནས་བརྒལ་དགོས་ཨང་

།།

 

གོམ་པའི་འདེགས་འཇོག་ཕྱིར་ལ་མ་གཏོད་འོད་ཀྱི་ལམ་བུ་སྔོན་ན་ཡོད།།

སྐྱོ་བའི་མིག་ཆུ་ས་རུ་མ་གཏོར་རེ་བའི་རྨི་ལམ་རྗེས་ན་ཡོད།།

ཕྲེང་བའི་ཐག་པ་ལག་ནས་མ་ལྷོད་ངག་ནས་མ་ཎི་ཡིག་དྲུག་བགྲོངས།།

ལས་ཀྱི་བཀོད་པ་བདེན་དུ་སྣང་ནས་བློ་སེམས་ལྷ་ལ་བཅོལ་དགོས་ཨང་།།

 

མཐུན་སྒྲིལ་རྡོག་རྩ་དམ་པོར་སྦྲེལ་དང་ང་ཚོ་ཕ་ཁྱི་སྨུག་པོ་ཡོད།།

རེ་བའི་རྨི་ལམ་རྒྱང་ལ་གཏོད་དང་ང་ཚོ་ལས་དང་རྒྱུ་འབྲས་ཡོད།།

གདོང་གི་མིག་ཆུ་ལག་པའི་ཕྱེས་དང་ང་ཚོ་ཆོས་དང་གནས་ལུགས་ལྡན།།

འདས་པའི་གཏམ་རྒྱུད་སྙིང་ལ་ཆོངས་དང་ང་ཚོས་སྤྲུལ་བའི་སྐུ་ལོ་སྒུག།

 

རེ་བའི་ཉི་གཞོན་འཆར་ལ་ཉེ་བའི་མུན་པ་འདི་ལ་ཅི་ལ་སྐྲག།

མཛེས་པའི་ཀུ་མུད་བཞད་ལ་ཉེ་བའི་དགུན་ཟླ་འདི་ལ་ཅི་ལ་སུན།།

སྤྲུལ་བའི་གསེར་སྐུ་བྱོན་ལ་ཉེ་བའི་ང་ཚོས་སེམས་པ་ཅི་ལ་སྐྱོ།།

ཚང་མའི་ལག་ཟུང་ཐལ་མོ་སྦྱོར་དང་ང་ཚོས་གདུང་བ་མཉམ་བསྐྱེད་བྱེད།།   

 

 
 
སྤྲིན་པའི་མིག་ཆུ།
[ 2013-1-6 13:09:30 | By: duodanjia ]
 
 

    སྤྲིན་པའི་མིག་ཆུ།

བསིལ་རླུང་ཤིག་གེར

ཆར་བ་ཤག་གེར

དུས་ཚིགས་ཤིག་གི

འགོ་འདི་ནས་བརྩམས་བྱུང

ལུག་ཁྱུའི་རྨིག་བར་ནས

མེ་ཏོག་འཐོར་ཞིང

རྟ་ཕོའི་རྒལ་གཞུང་ནས

རྩི་དོག་འཁྲུངས་དུས

༼ སེམས་ཀྱི་རྟ་ཕོ་ཞོན་ཏེ

བདེན་པའི་ལམ་དུ་བསྐྱོད་པ ༽ཞེས་པའི

སྙན་ཚིག་དེ་ཅིག་ཅར་དྲན་ཡོང

གནམ་སའི་བར་མཚམས་སུ

ལྷོད་ཀྱིས་རྒྱུ་བའི་སྤྲིན་པ་ཁ་ཤས

ལན་རེར་འཕྱུར་ཞིང་སྐབས་རེར་ལྡིང

འདི་ནི་དུས་ཚིགས་ཤིག་གི་རྒྱབ་ལྗོངས་ནས

འཕུར་བའི་མཇུག་མཐའི

སྐྱེལ་མ་དེ་ཡིན་སྲིད

ངོ་མ   རྒྱུ་འབྲས་འོད་ད་འཚེར་བའི

གསེར་མདོག་གི་ལོ་མ་དག་གིས་ཀྱང

ས་རྡུལ་དང་རྐང་རྗེས་ཁྲོད་ནས

ངུ་ངག་དང་སྨྲེ་ངག་འདོན་བཞིན་མཆིས

དུས་ཀྱིས་བསྐྱལ་བའི་གོ་རིམ་འད

ངའི་སྙིང་གི་འཕར་རྩར་སྦྲེལ་བའི

སྤྲིན་པའི་མིག་ཆུ་ཡིན

            ༢༠༡༢     ༠༢   ༨༡ཉིན་བྲིས།

 
 
ཕ་ཡུལ་ལ་བཏང་བའི་ཕྱིར་མིག
[ 2013-1-5 18:30:17 | By: duodanjia ]
 
 

             

        ཕ་ཡུལ་ལ་བཏང་བའི་ཕྱིར་མིག

ཟབ་མོ་གཏམ་རྒྱུད་ཀྱི་སྐུད་སྣེ།།

ཡབ་མེས་མགྲིན་པ་རུ་སྒྲོན་ནས།།

ལོ་ངོ་སྟོང་ཕྲག་གི་དམ་བཅའ།།

རྡོག་ཏུ་མནན་པ་འདི་དགའ་ཨང་།།

 

དད་སེམས་ཚོར་ཤེས་ཀྱི་ཉིང་ཁུ།།

དོན་ལྔ་སྣོད་དྲུག་ཏུ་གསོག་ནས།།

རང་སེམས་བདེ་སྣང་ལ་སྐུར་བ།།

མི་བུའི་རང་མདངས་སུ་བརྩིས་ཆོག།

 

ས་སྲོད་ཉི་ནུབ་ཀྱི་གྲིབ་རིས།།

རྒས་པའི་གཉེར་རུས་སུ་འཁྲུངས་ཤིང་།།

ཞི་བདེའི་དྲོད་འཇམ་གྱི་སེམས་འོད།།

ཞོགས་པའི་ཉི་འོད་དང་འདྲེས་ཡོད།།

 

ནུབ་ཁའི་མཚམས་སྤྲིན་གྱི་ཚོམ་བུ།།

རི་མགོའི་དར་ལྕོག་དང་བསྡོངས་ནས།།

རྫི་བོའི་ལྷང་ལྷང་གི་གླུ་སྐད།།

མེ་ཏོག་འདབ་མའི་ཁྲོད་འཐིམས་ཡོད།།

 

སྐར་མའི་ཁོང་འདར་གྱི་སོ་སྒྲ།།

སྦྲ་ཡི་ཁ་ཚུབ་ལས་མཆེད་ཅིང་།།

ཐབ་ཀའི་མེ་ལྕེ་ཡི་འོད་སྣང་།།

མཚན་མོའི་རྩྭ་ཐང་དུ་ཁྱ་ཡོད།།

 

ལོ་ཟླ་ཁེར་རྐྱང་གིས་བཞུར་བ།།

རེ་བའི་འཛུམ་མདངས་ཀྱིས་འཚོས་ཏེ།།

མི་ཚེའི་བདེན་དོན་གྱི་ལམ་བུ།།

སྨན་འདུན་བརྒྱ་ཕྲག་གི་གསེབ་ན།།

 

ཐོབ་ཤོར་བསྐྱར་བཟློས་ཀྱི་འཚོ་བ།།

ཆག་སྡང་འདོད་ཧམ་གྱིས་སྐྱོང་བཞིན།།

འུར་སིང་དུས་རབས་ཀྱི་ཅོང་བརྡ།།

རྣ་རྒྱབ་རླུང་བུ་བཞིན་དོར་འདུག།

 

སྤྲིན་པའི་ལྭ་བ་ནི་མནབས་ཤིང་།།

མེ་ཏོག་གོས་གདན་དུ་བཏང་ནས།།

རང་བྱུང་བཟོ་བཀོད་ལ་སྨོན་ཏེ།།

གཤིས་བཟང་ཕུ་ནུ་དག་དགྱེས་འདུག།

 

ག་ལེར་ཚོར་བ་ལས་འཁྲུངས་བ།།

ཤ་ལེར་ཤོག་ངོས་སུ་ཕབ་ནས།།

བསམ་གཞིག་སྒྱེ་མོ་གང་ཕུལ་བ།།

དུངས་བའི་ས་བོན་དུ་རློམ་རོགས།།

                               ༢༠༡༢  ༠༣  ༠༨ཉིན་བྲིས།

ཟབ་མོ་གཏམ་རྒྱུད་ཀྱི་སྐུད་སྣེ།།

ཡབ་མེས་མགྲིན་པ་རུ་སྒྲོན་ནས།།

ལོ་ངོ་སྟོང་ཕྲག་གི་དམ་བཅའ།།

རྡོག་ཏུ་མནན་པ་འདི་དགའ་ཨང་།།

 

དད་སེམས་ཚོར་ཤེས་ཀྱི་ཉིང་ཁུ།།

དོན་ལྔ་སྣོད་དྲུག་ཏུ་གསོག་ནས།།

རང་སེམས་བདེ་སྣང་ལ་སྐུར་བ།།

མི་བུའི་རང་མདངས་སུ་བརྩིས་ཆོག།

 

ས་སྲོད་ཉི་ནུབ་ཀྱི་གྲིབ་རིས།།

རྒས་པའི་གཉེར་རུས་སུ་འཁྲུངས་ཤིང་།།

ཞི་བདེའི་དྲོད་འཇམ་གྱི་སེམས་འོད།།

ཞོགས་པའི་ཉི་འོད་དང་འདྲེས་ཡོད།།

 

ནུབ་ཁའི་མཚམས་སྤྲིན་གྱི་ཚོམ་བུ།།

རི་མགོའི་དར་ལྕོག་དང་བསྡོངས་ནས།།

རྫི་བོའི་ལྷང་ལྷང་གི་གླུ་སྐད།།

མེ་ཏོག་འདབ་མའི་ཁྲོད་འཐིམས་ཡོད།།

 

སྐར་མའི་ཁོང་འདར་གྱི་སོ་སྒྲ།།

སྦྲ་ཡི་ཁ་ཚུབ་ལས་མཆེད་ཅིང་།།

ཐབ་ཀའི་མེ་ལྕེ་ཡི་འོད་སྣང་།།

མཚན་མོའི་རྩྭ་ཐང་དུ་ཁྱ་ཡོད།།

 

ལོ་ཟླ་ཁེར་རྐྱང་གིས་བཞུར་བ།།

རེ་བའི་འཛུམ་མདངས་ཀྱིས་འཚོས་ཏེ།།

མི་ཚེའི་བདེན་དོན་གྱི་ལམ་བུ།།

སྨན་འདུན་བརྒྱ་ཕྲག་གི་གསེབ་ན།།

 

ཐོབ་ཤོར་བསྐྱར་བཟློས་ཀྱི་འཚོ་བ།།

ཆག་སྡང་འདོད་ཧམ་གྱིས་སྐྱོང་བཞིན།།

འུར་སིང་དུས་རབས་ཀྱི་ཅོང་བརྡ།།

རྣ་རྒྱབ་རླུང་བུ་བཞིན་དོར་འདུག།

 

སྤྲིན་པའི་ལྭ་བ་ནི་མནབས་ཤིང་།།

མེ་ཏོག་གོས་གདན་དུ་བཏང་ནས།།

རང་བྱུང་བཟོ་བཀོད་ལ་སྨོན་ཏེ།།

གཤིས་བཟང་ཕུ་ནུ་དག་དགྱེས་འདུག།

 

ག་ལེར་ཚོར་བ་ལས་འཁྲུངས་བ།།

ཤ་ལེར་ཤོག་ངོས་སུ་ཕབ་ནས།།

བསམ་གཞིག་སྒྱེ་མོ་གང་ཕུལ་བ།།

དུངས་བའི་ས་བོན་དུ་རློམ་རོགས།།

                            

 
 
གློ་སྙིང་གི་ང་རོ།
[ 2013-1-4 17:12:38 | By: duodanjia ]
 
 

གློ་སྙིང་གི་ང་རོ།

    

སྤྲིན་པའི་མིག་ཆུ་གཟུགས་སུ་བཟུང་བ་དང།།

སྐར་མའི་ཟུར་མིག་རྣ་བར་གཏད་པ་དེ།།

རང་སྣང་རླུང་གིས་གཏོར་བའི་སེམས་འགྱུ་སྟེ།།

དོན་གྱིས་བསམ་ན་ངལ་བའི་རྒྱུ་རུ་ཟད།།

 

རི་ཡི་ཁ་ཞེང་གོམ་པའི་འཕྲེད་ཀྱིས་བཅད།།

འཇའ་ཡི་ཁ་དོག་དྭངས་མོ་བློ་ཡིས་བཟུང་།།

བདེན་བདེན་སྣང་བའི་འོད་ཀྱི་ཚོར་བ་དེ།།

རྫུན་རྫུན་སྨྲ་བའི་ལུགས་ཀྱིས་དུམ་སེར་གཏུབ།།

 

 རླབས་ཀྱི་གཟུགས་རིས་མིག་གིས་ཆོམ་སེར་འཕྲོག།

 པདྨའི་འདབ་མ་སེམས་ཀྱིས་ཧྲག་གེར་བཅོམས།།

ལས་ཀྱིས་གནང་བའི་བདེན་པའི་གཏམ་རྒྱུད་དེ།།

སྨྲེང་བའི་བསྐྱལ་བའི་ཉི་ཐིག་རྡོག་འཕྲོ་ཉིད།།

 

སྤང་གི་རྩྭ་ལྡུམ་རྡོག་པའི་ཐྲིག་གེར་བཅད།།

རྡོ་ཡི་རི་མོ་ལག་པ་ཤ་གེར་བསུབ།།

ཁ་མཚར་ཕྱོགས་སུ་འཐོར་བའི་ཕུགས་བསམ་ཏེ།།

དུས་ཀྱིས་སྤྱུགས་པའི་ཐག་པའི་སྣེ་མོ་ཙམ།།

 

 

འབྲུག་གི་ངར་སྐད་ཆུ་ལ་ཤག་གེར་འདྲེས།།

ཐོག་གི་འོད་ཚོམ་མེ་ལ་ལེམ་མེར་གྲུབ།།

བཙན་པོས་ཆོ་འཕྲུལ་འོག་གི་འཇིག་རྟེན་ཏེ།།

བདེ་བའི་གནས་ཚང་ཞིག་གི་ར་མདའ།།

 

ཉི་མའི་གླུ་གར་སིང་ངེར་ཕྱོགས་སུ་འཐོར།།

ཟླ་བའི་ཁ་ཆེམས་གསལ་ལེར་རི་ལ་འཁྲུངས།།

བདག་པོའི་སྒེར་དུ་བཟུང་བའི་གནས་ཚང་སྟེ།།

སྡུག་སྨྲེའི་དུར་ཁྱིམ་ཞིག་གི་ས་ཞིང་ངོ་།།

                      ༢༠༡༢  ༠༢ ༠༣ཉིན་བྲིས།

 
 
མི་ཚེ་སྨུག་ལོང་མ།
[ 2013-1-3 22:29:12 | By: duodanjia ]
 
 

   མི་ཚེ་སྨུག་ལོང་མ།

ལུས་ཤ་ཁྲག་གདོས་བཅོས་ཕུང་བོ་དེ།།

དྲིན་མ་ཡི་མངལ་དུ་འཁྲུངས་ནས་བཟུང་།།

རྐྱེན་བཟང་ངན་གཉིས་ཀྱི་འབྲས་བུ་དེར།།

བློ་ཐེ་ཚོམ་ངང་ནས་མི་སྒུག་ཅི།།

 

སྤྱིར་སྲོག་གི་མདུད་པ་གྲོལ་བ་དེ།།

སྡུག་ངན་པའི་ལས་སུ་བརྩིས་ན་ཡང་།།

ལས་དེ་ལྡོག་མངལ་གྲུབ་ཁྱེའུ་དེས།།

ཕྱིར་འཆི་བར་སྒུག་པ་མ་ཡིན་ནམ།།

 

བདེན་གསལ་སྣང་རང་གཟུགས་གསོན་པ་དེ།།

མིག་མཐོང་འཛིན་དཔལ་དུ་གྲུབ་ན་ཡང་།།

གསང་སྣང་མེད་རྣམ་ཤེས་ཕྲ་མོ་དེར།།

ཧམ་འདོད་པས་བདག་པོ་ཇི་ལྟར་རྒྱག།

 

དུས་ད་ལྟ་འགྲོ་འདུག་གོམ་ཁ་དེ།།

རང་སྣང་བས་གང་དྲན་བསྒྱུར་ན་ཡང་།།

ལུས་རྣམ་ཤེས་ཁ་ཁར་བྲལ་བའི་ཚེ།།

དབང་ཆེན་པོའི་ཁ་ལོ་སུ་ཡིས་བསྒྱུར།།

 

ཕྱིའི་ལང་ཚོ་རྒྱན་དུ་གྲུབ་པ་དེ།།

དུས་སྐད་ཅིག་ཙམ་གྱི་མཛེས་པ་ཙམ།།

མགྲོན་ལམ་བསུ་འཆི་བདག་ཐོན་པ་ན།།

ཞེན་ཆགས་ནས་ཕྱིར་མིག་འཕེན་ས་མེད།།

 

སེམས་ཕྲ་མོ་གཡང་ལ་སྐུར་བའི་ཚེ།།

ཚེ་བཙན་པོའི་འཇུ་ཐག་རིང་གི་བསམ།།

བློ་ཞིབ་མོས་བསམ་གཞིག་བཏང་བ་ན།།

མིག་ཕྱེས་བཙུམ་བར་གྱི་མི་ཚེ་ཉིད།།

 
 
རྨི་ལམ།
[ 2012-12-5 19:56:26 | By: duodanjia ]
 
 

              རྨི་ལམ།

རྟ་ཕོའི་རྨུག་སྒྲས་རི་ལུང་བཀབས་སོང

་སྒྲ་སྔར་བཞིན་རྩྭ་ཐང་ནས་ལྡིར་བྱུང

ཕ་གའི་ལུང་མདོའི་རྩྭ་ཕྲན་དག་ཀྱང

སིལ་སིལ་དུ་འདར་བྱུང

 རི་བོ་གནམ་དུ་བཏེགས་པ་འདྲ 

 ཆུ་བོ་ལྷ་ལས་བབས་པར་ཁྲུལ 

འཇའ་ཚོན་གྱི་འོད་སྣང་ས་རུ་མཆེད་སོང  

 ཚོན་མདངས་སྔར་བཞིན་རི་མོ་དང་བསྡེབས་སོང

ཕ་གིའི་སྤྲིན་པ

ལྷོག་ལྷོག་འགུལ་བྱུང

ཉི་ཟླས་གསར་དུ་གུར་ཁང་ཕུབ་པ་འདྲ

སྐར་མས་བརྩེ་བའི་མཛུམ་མདངས་བསྟན་པར་འཁྲུལ

སྦྲང་ཆར་གྱི་ཐིགས་པ་ལོ་མར་ཟག་སོང

གནམ་གཤིས་སྔར་བཞིན

ཆུ་ཡི་རླབས་རིས་དང་འདྲེས་སོང

པད་མའི་འདབ་རྒྱ་ལྷུག་ལྷུག་གྲོལ་སོང

རྩི་ཤིང་གར་དུ་རྩེན་པ་འདྲ

སྤང་ལྗོངས་གོས་སུ་མནབས་པར་འཁྲུལ

 
 
སྣང་ངོར་གྲུབ་པའི་བོད།
[ 2012-12-4 17:03:56 | By: duodanjia ]
 
ཟིན་ཐོ་འདི་དོ་དམ་པས་ཞིབ་བཤེར་བྱས་རྗེས་ད་གཟོད་ལྟ་ཀློག་བྱེད་ཐུབ།
 
 
དེང་རབས་སློབ་ཆེན་པ།
[ 2012-12-2 22:51:00 | By: duodanjia ]
 
 

དེང་རབས་སློབ་ཆེན་པ།

དཔྱོད་པའི་བློ་མིག་རང་རིགས་སློབ་ཆེན་ཁྲོད་གཏད་ཅིང་།།

མཐོང་བའི་སྐྱོན་མཚང་སྙན་ངག་སྨྱུག་རྩེ་རུ་བཀོད་དེ།།

སྒྲོ་སྐུར་སྤང་བའི་བདེན་གཏམ་མེ་ལོང་གི་ངོས་སུ།།

ཤར་བའི་གཟུགས་འདི་དུངས་བའི་ལེགས་སྐྱེས་སུ་འབུལ་ལོ།།

རྒྱན་གོས་འཕྱོར་སྒེག་ཕྱི་ཚུལ་སྐྱེ་འབྲས་སོགས་བསྡུར་ཞིང་།།

དགའ་རོགས་ཡག་བཙོག་གྲངས་ཀའི་མང་ཉུང་ལ་འབད་དེ།།

ཁོར་ཡུག་ངེས་མེད་འཁྱུད་རིས་ཡ་ང་བའི་ཚུལ་དག

མཐོང་ཚེ་ཤ་དང་རུས་པ་དངངས་འདར་ཞིག་བརྒྱབ་ཡོང་།།

ཆ་ལུགས་སྤྱོད་སྟངས་གཞན་འགྱུར་ལད་ཟློས་ལ་སྨོན་ཞིང་།།

སྐད་རིགས་འཆད་སྟངས་མི་རིགས་ངོས་འཛིན་ལ་དོགས་པའི།།

རང་རིགས་སྡོད་སའི་ཁོར་ཡུག་ལག་མཐིལ་ཙམ་དཀྱིལ་ན།།

ཕོ་རྐྱང་མོ་རྐྱང་འཚོགས་སའི་རྩེད་ཁང་ཞིག་ཆགས་འདུག

བསམ་གཞིག་གླེང་མོལ་མཛེས་མའི་དཔྱད་བསྡུར་ལ་འཁོར་ཞིང་།།

ཁ་པར་བརྡ་འཕྲིན་བརྩེ་དུང་འཆད་ཚུལ་གྱི་སྟེགས་བུ།།

ཁ་གསོན་ཁོག་པ་སྟོང་བའི་གཞོན་སྐྱེས་ཚོའི་ཚོགས་ལ།།

ཆེད་དུ་ཉི་མ་སྐྱེལ་སའི་ཁོར་ཡུག་ཅིག་བསྐྲུན་འདུག

ཨ་རག་བཟི་གཏམ་རླབས་ཆེན་མི་རིགས་ཁྲོད་ལབ་ཅིང་།།

མི་རིགས་ལ་རྒྱ་ཁུ་ཚུར་ཤེད་ཤུགས་ཀྱིས་འབྱེད་པའི།།

འགན་འཁྲི་རེ་བ་ཕུགས་བསམ་རླུང་ནང་ན་རྒྱུ་བའི།།

བླ་མེད་འཁྱམ་པོ་བསྡུ་སའི་གནས་ཚང་འདི་གཟན་པ།།

ཕྱི་ཐག་ཁྲེལ་གཞུང་དབྱར་གྱི་གནམ་གཤིས་ལྟར་འཁྲིགས་ཤིང་།།

ཁེ་ཕན་ཧམ་སེམས་སྤུན་ཟླ་གཡོ་བཙོང་ལ་རེམ་པའི།།

མི་ཡི་གཟུགས་ཅན་ཝ་མོའི་དོ་ཟླ་དག་མཐོང་ཚེ།།

གསོན་ན་འགྱོད་ཅིང་ཤི་ན་དགའ་ཚོད་ལས་མི་འདུག

དྲིན་ཆེན་ཕ་མ་ཕྱུགས་སྐྱོང་རྨོ་འདེབས་ལ་བྲེལ་ནས།།

ངལ་རྩོལ་རྣག་ཁྲག་རྔུལ་ཆུའི་དཀའ་སྡུག་གི་འབྲས་བུ།།

ཕོ་མོ་བག་གཡེང་རྩེན་པའི་ཉིན་གཅིག་གི་དགའ་སྐྱིད།།

རོལ་བར་ཡ་ཆུང་སེམས་ནས་བཟོད་བསྲན་ཞིག་འདུག་གམ།།

རྫ་མགོར་ཉུལ་ནས་ཕྱུགས་ཀྱི་འཚོ་སྐྱོང་དེ་མི་ཤེས།།

བདེ་མོ་ཐང་ནས་ཞིང་ལས་རྨོ་འདེབས་དེ་མི་སློབ།།

མིང་བྱང་བརྗིད་པོ་ཅན་གྱི་རིགས་རྒྱུད་འདིའི་ཚོགས་པ།།

དོན་གྱིས་ཕྱུགས་རྫི་རྒན་པོའི་ཤེས་རབ་དེ་མི་དོ།།

རིག་པའི་གནས་དག་མཁྱེན་པའི་མཁས་ཐོབ་དེ་སྟོང་བསམ།།

མི་རིགས་བྱས་རྗེས་འཇོག་པའི་བྱ་གཞག་དེ་འུར་གཏམ།།

ཐ་ན་ཕ་མར་ཞབས་ཏོག་ཕྲན་ཙམ་རེ་འཁྱོངས་ན།།

མི་རུ་སྐྱེས་པའི་རྟགས་མཚན་ཆ་ཤས་ཤིག་གྲུབ་འདུག

སྐྱོན་མཚང་ཤར་མར་བརྗོད་པའི་གནམ་ལྕགས་ཀྱི་ཐོག་མདའ།།

འཕེན་སའི་འབེན་འདི་རང་རིགས་སྤུན་ཟླ་ལ་བབས་ཀྱང་།།

སྐྱོན་བྲལ་དཔྱོད་ལྡན་མཁས་ཉམས་སྟོན་མཁན་དེ་མིན་པར།།

ང་ཡང་གྲས་ཡིན་ད་དུང་གཙོ་གྲལ་དུ་འདུག་གོ

                                   

༢༠༡༠  ༠༩  ༡༠ཉིན་བྲིས།

 
 
ལེའུ་བརྒྱ་དང་བརྒྱད་ཅན་གྱི་བྲིས་རྩོམ་ཞིག
[ 2012-11-22 18:30:10 | By: duodanjia ]
 
 

སྐད་ཆའི་ཕྱི་ནང་།

༥༧

མྱི་སྲོག་རྟ་རྔ་འདྲ་བོ།།

རལ་གྲི་རྩེ་རུ་ཤམ་དུས།།

དྲང་བོའི་ཁྲིམས་ཤིག་ཡོད་ན།།

ལྕགས་སྒྲོགས་ཐོགཏེ་མཆོང་ཤོག།

༥༨

མི་སྡུག་སྨྲེ་ངག་ཙམ་ཞིག།

ཁོག་ཏུ་ཤོང་ས་མེད་ན།།

གློ་སྙིང་མཆིན་གསུམ་བྲེག་ནས།།

གཏམ་ལ་ཉལ་ས་འཇོག་དགོས།།

༥༩

རྩོད་ལ་རྩོད་ལ་མཇལ་རྒྱུ།།

འོས་དང་འགན་ལ་བབ་ཡོད།།

ཡང་དག་གསལ་ཁ་ཐོན་མིན།།

བློ་དང་རིག་པས་འབྱེད་དགོས།།

༦༠

དྲིན་ལ་དྲིན་ལན་མཇལ་རྒྱུ།།

བསྐྱིལ་བའི་བུ་ལོན་ཡིན་ན།།

ཕ་མེས་ཡང་མེས་རྣམས་ལ།།

བུ་ལོན་བརྩེགས་མ་ཆད་འདུག།

༦༡

ཕྱག་དང་བསྐོར་བ་རེམ་པ།།

བྲན་གྱི་རིགས་སུ་འཁོལ་ན།།

ཤི་ཡི་སྐྲན་ནད་དང་བཅས།།

རུལ་དྲི་འཐུལ་བར་སྒུག་གམ།།

༦༢

བླ་གྲྭའི་སྐོར་གྱི་གཏམ་ངན།།

ཁ་ནས་རང་རྐྱལ་མ་གཏོང་།།

ཉིན་གཅིག་ཟས་མཚམས་ཆོད་དང་།།

རང་སྣང་བློ་རུ་ཤར་ཡོང་།།

༦༣

སྨྱུང་གནས་སྡོམ་པ་སྲུང་བ།།

རང་ཁྲིམས་རང་བཟོས་ཡིན་ན།།

ད་ལྟའི་གྲོང་བའི་ཚོགས་ལ།།

ཁྲིམ་ཆད་བསྟུད་མར་བབ་འདུག།

༦༤

ཆོས་ཀྱི་གཞུང་དོན་ཉུལ་ནས།།

ལོག་བཤད་འུར་གྱིས་སྤེལ་མཁན།།

དོན་གྱིས་དྲན་པ་འཐོམས་ནས།།

རང་མཚ་བརྟོལ་བ་ཡིན་ན།།

༦༥

ཤ་ཁྲག་དམར་ཟས་རོལ་མཁན།།

ཧམ་ཅན་བདུད་རིགས་མིན་ན།།

བཤས་རའི་ཁྲག་དམར་བསྐྱིལ་མཁན།།

སྡུག་ཅན་ཤན་པ་འབྱུང་ངམ།།

༦༦

དམར་ཆུང་སྲོག་གི་མདུད་པ།།

མེ་ལྕེའི་ཀློང་དུ་སྒྲིམ་མཁན།།

རྐང་དང་རུས་པའི་ང་རོ།།

གཏིང་ནས་འདར་བ་མིན་ནམ།།

༦༧
                           མིག་གི་ཟུར་མདའ་ཕྲ་མོ།།

བྱམས་པའི་གདོང་ལ་མ་འཁོར།།

མཇང་བ་འཁོར་ཕྱོགས་ཤིག་གིས།།

ཕྱིར་མིག་ལན་གསུམ་གནང་སོང་།།

༦༨

བྲིས་པའི་འཕྲིན་ཞིག་མ་མཐོང་།།

ངག་གི་སྐད་ཅིག་མ་ཐོས།།

ཤ་དང་ཁྲག་གི་བརྡ་ཞིག།

སེམས་ཀྱི་སྟེང་ལ་ཟུག་སོང་།།

༦༩

བདེ་སྐྱིད་འཚོ་བའི་གོ་རིམ།།

དཀའ་དང་བརྩོན་པར་རག་ན།།

ལུག་ཆུང་འཚོ་བའི་རྫི་བོ།།

བདེ་བའི་ཞིང་དུ་འབྱོར་ཟིན།།

༧༠

སྙིང་རྗེ་སྒོམ་པའི་ཚིག་དེ།།

རྣ་སྙན་ཙམ་ཞིག་ཡིན་ན།།

ཚུལ་འཆོས་ངོ་བསྟོད་ཙམ་དེ།།

སེམས་ཀྱི་སྟེང་དུ་སྨིན་སྲིད།།

༧༡

བཟོད་པའི་རྩ་བའི་ཆ་བྱད།།

ངག་བསྡམས་ཙམ་གྱིས་མཚོན་ན།།

རྐྱེན་དང་ནད་ཀྱིས་མནར་བའི།།

གླེན་པ་གུས་པའི་ཕྱག་ཡུལ།།

༧༢

ཏིང་འཛིན་བརྟུལ་ཞུགས་དེ་ཡང་།།

ཐལ་སྦྱར་དཀྱིལ་དཀྲུང་ཙམ་ན།།

ན་སོའི་དུས་ཀྱིས་བསྐྱལ་བའི།།

རྒན་རྒོན་རྣམས་ཀྱིས་རུང་ངོ་།།

༧༣

བསླབ་གནས་རིམ་པ་ཅན་ཏེ།།

དུས་ཀྱིས་བསྐྱལ་བ་ཡིན་ན།།

ཚ་བའི་ཉི་མར་གཞུས་མཁན།།

རྒན་པ་རྣམས་ལ་གནང་ཆོག།

༧༤

ཆོས་གཞུང་གདམས་ངག་ཅན་པོ།།

བློར་འཛན་ཙམ་གྱིས་རུང་ན།།

ཁ་བཏོན་ཁ་ལ་བྱང་བའི།།

ཨ་ཅེ་ཨ་ནེ་འགྲེལ་ཆོག།

༧༥

ཟབ་ཡང་སྙིང་རྗེ་ཆེན་པོ།།

མི་རེའི་རྒྱུད་ན་ཡོད་ན།།

ང་དམེའི་རལ་གྲི་བསྐོར་མཁན།།

མི་བུའི་གྲལ་དུ་བརྩི་འམ།།

༧༦

གཟུང་སྔགས་ཡི་གེ་དྲུག་མ།།

ཁ་ནས་བགྲང་བ་ཙམ་གྱིས།།

ཚེ་གཅིག་ལུས་གཅིག་ཉིད་དུ།།

སངས་རྒྱས་ས་ཆོག་ཐོབ་བམ།།

                              མུ་འགོད།

 
 
ལེའུ་བརྒྱ་དང་བརྒྱད་ཅན་གྱི་བྲིས་རྩོམ་ཞིག
[ 2012-11-21 13:18:16 | By: duodanjia ]
 
 

སྐད་ཆའི་ཕྱི་ནང་།

༣༧

གསོམ་དཀར་ལྷ་ཤིང་སྡོང་བོ།།

འདབ་ཆགས་སྟོང་གི་གནས་ཚང་།།

གསོམ་ལོ་ས་རུ་འཐོར་དུས།།

བྱ་ཚང་སྔར་ནས་སྤོ་ཡོད།།

༣༨

ལྷོ་ཡི་གཡུ་འབྲུག་སྔོན་མོས།།

ངར་སྐད་ལན་གསུམ་སྒྲོག་དུས།།

སྤྲིན་པ་ཐ་ཆད་དགུ་ཆད།།

སྐྲག་ནས་མིག་ཆུ་ཤམ་ཐལ།།

༣༩

རི་བོང་མཆོང་ཐེངས་ཤིག་གིས།།

གད་ཁའི་ས་རྡུལ་བསྙིལ་ཐལ།།

གད་འོག་བྱི་ལོང་སྣ་དམར།།

བཞུད་པའི་ལམ་བུ་བཀགས་ཐལ།།

༤༠

བྱི་ལ་ཙི་གུར་འཇབ་ནས།།

དབོ་སྤུ་གཏིང་ནས་ཟད་ཀྱང་།།

བདག་པོ་ཁ་ཤོམ་ཅན་པོས།།

མེ་བཙའ་ལྷག་མ་བརྒྱབ་སོང་།།

༤༡

ཁྱམས་ཁང་བྱིས་པའི་རྩེད་ར།།

ཁྱམས་འོག་བྱེའུའི་གནས་ཚང་།།

རྩེད་ཆས་འབར་རྡེའུ་དཀར་དམར།།

བྱ་རྟུག་དཀར་ནག་འདྲེས་མ།།

༤༢

བལ་གྱི་གདན་ཞིག་མ་ཉོས།།

དངུལ་གྱི་ཁྲི་ཞིག་མ་བཞེངས།།

རྡུལ་དང་བྱེ་མ་འདྲེས་མའི།།

བཞུགས་ཁྲི་བཞེངས་ནས་འགྲུབ་འདུག།

༤༣

ཧམ་སེམས་ཅན་གྱི་མི་དེས།།

མི་ཤ་རློན་པ་བཟའ་ན།།

ཚེ་འདིའི་སྲོག་ཐག་ཆད་དུས།།

བེམ་པོའི་མཆོད་འབུལ་བྱས་ཆོག།

༤༤

ལུག་ཁྱུ་རི་ལ་མ་འཁོར།།

ཁྱིམ་མཚེས་ལྷས་རར་འཁོར་སོང་།།

ཨ་ཁུ་རྩམ་གཟན་ཅན་དེས།།

སྒལ་ཚིགས་གཏིང་ནས་ཆག་སོང་།།

༤༥

དགྲ་བོ་གཞན་ལ་མ་ཤོར།།

རང་གི་མདུན་ན་བསྐུངས་འདུག།

རལ་གྲི་རྣོ་ངར་ཅན་དེའི།།

རྩེ་མོ་ནང་ལ་གཏད་སོང་།།

༤༦

རི་མགོའི་དར་ལྕོག་དཀར་པོ།།

རླུང་གིས་སྐྱོམ་ནས་མ་ཟད།།

སྙིང་གཏམ་དཀར་དམར་གློ་སྐྱ།།

སྙིང་གི་དཀྱིལ་ནས་ཟད་སོང་།།

༤༧

ང་དང་བྱམས་པ་གཉིས་ཀ།

ཕྲེང་ཐག་གཅིག་གི་ཕྲེང་བ།།

ཕྲེང་མིག་ཟད་ནས་འཁྱོགས་ཀྱང་།།

ཕྲེང་ཐག་མི་ཆད་དགུ་མདུད།།

༤༨

འབེན་ལ་འཕངས་བའི་མདའ་མོ།།

ཁ་ཕྱོགས་ནོར་ནས་བོར་སོང་།།།

བྱམས་པའི་འཕངས་བའི་ཟུར་མིག།

གློ་བའི་སྟེང་དུ་ཟུག་སོང་།།

༤༩

གསོན་དུས་མིག་ནང་ཚེར་མ།།

ཤི་རྗེས་སྙིང་གི་ནོར་བུ།།

ཤི་གསོན་རིན་ཐང་ལྡོག་པའི།།

ལྟ་ཚུལ་འདི་ལ་མཚར་ཨང་།།

༥༠

བྱམས་པ་དྲན་པའི་མིག་ཆུ།།

ལྟེམ་དུ་འཁྱིལ་བའི་མཚོ་མོ།།

མཚོ་མོ་ཉི་མས་བསྐམས་ཀྱང་།།

མིག་ཆུ་བསྐམ་པའི་དཔེ་མེད།།

༥༡

བྲག་རིར་བཏབ་པའི་རྩྭ་ཕྲན།།

སྐྱེས་པའི་དུས་ཤིག་ཡོད་ན།།

གནམ་་ལྡིང་ནས་སྤྲིན་པ།།

རེག་པ་དེ་དང་འདྲ་བྱུང་།།

༥༢

རི་རྒྱུད་གཅིག་གི་རི་ཡིན།།

ཆུ་རྒྱུད་གཅིག་གི་ཆུ་ཡིན།།

ས་ཆའི་བདག་པོ་རྒྱག་མཁན།།

མངགས་པའི་ཕོ་ཉ་ཡིན་ནམ།།

༥༣

མིག་གིས་མ་ཟིན་ས་རུ།།

སེམས་ཀྱིས་བཙལ་ནས་མཐོང་སོང་།།

ཕྱི་བལྟས་གཟུགས་ཀྱི་ལང་ཚོ།།

རྣམ་ཤེས་བྲན་དུ་ཚུད་འདུག།

༥༤

ཕམ་ཁ་རེ་རེའི་རྩ་བ།།

རྒྱལ་ཁའི་རྩ་བ་ཡིན་ན།།

ཤི་འཐམས་རོ་འཐམས་བྱས་ནས།།

གནམ་ས་བླ་འོག་བརྗེ་ཆོག།

༥༥

ལས་ངན་བསགས་པའི་འབྲས་བུ།།

སྨིན་པའི་སྐལ་ཞིག་ཡོད་ན།།

ཆོམ་རྐུན་ཁྱི་ཚོགས་འདྲ་བོ།།

ད་ལྟ་ཉིད་དུ་བཅོམས་ཤོག།

༥༦

སྨན་ལོག་རུལ་མ་འདྲ་བོ།།

ཕན་དང་ནུས་པ་ཡོད་ན།།

ཕུང་བོའི་གསེང་ལ་འཐིམས་པའི།།

ནད་འདི་རྨང་ནས་འཇོམས་རོགས།།

                                 མུ་འགོད།

 
 
ལེའུ་བརྒྱ་དང་བརྒྱད་ཅན་གྱི་བྲིས་རྩོམ་ཞིག
[ 2012-11-18 20:21:13 | By: duodanjia ]
 
                                སྐད་ཆའི་ཕྱི་ནང་།

༢༠

སྙིང་གཏམ་རི་ལུ་མ་བོ།།

སུ་དང་གང་ལ་མ་བཤད།།

བཅད་རྩོམ་ཤད་མའི་ནང་དུ།།

སེམས་པའི་ཕྱི་ནང་བབས་ཐལ།།

༢༡

མིག་གིས་རྒྱང་ལ་ལྟ་དུས།།

རི་བོ་སིལ་སིལ་འདར་བྱུང་།།

ལམ་འཕྲང་གོམ་པའི་བརྒལ་དུས།།

རི་ཚོགས་ལྷང་ངེར་མངོན་འདུག།

༢༢

རྣ་བས་རྒྱང་ལ་ཉན་དུས།།

རི་གླུ་སིང་སིང་གྲགས་ཐལ།།

རི་སྐེད་སྨུག་པ་གཡོགས་དུས།།

འཇགས་པའི་མཚན་མོར་སླེབས་འདྲ།།

༢༣

འགྲོ་ཞོར་མེ་ཏོག་བཏུས་ཆོག།

འདུག་ཞོར་ཐག་པ་བརྒྱུས་ཆོག།

འགྲོ་འདུག་སྤྱོད་གསུམ་བཀག་པ།།

བཀའ་ཡིག་གང་གིས་ལན་པ།།

༢༤

ཉི་མ་ཕ་རུ་སྒོམ་ཆོག།

ཟླ་བ་མ་རུ་རློམ་ཆོག།

ཉི་ཟླ་གཉིས་ཀ་འཛོམས་པའི།།

གཞིས་ཤིག་ཆགས་ན་བསམ་ཡོད།།

༢༥

སྒེའུ་ཁུང་ཕྱི་ནང་ཤེལ་རེད།།

མིག་ཟུང་བགྲད་ནས་བལྟས་ཆོག།

སེམས་པའི་ཕྱི་ནང་ཤ་རེད།།

སྙིང་གཏམ་ཁྲག་ལྟར་བྱོ་ཆོག།

༢༦

གཏམ་དེ་མ་བཤད་ཉར་ཡོད།།

སྡུག་དེ་མ་བརྗེད་སོག་ཡོད།།

ཤ་ཁྲག་དབར་ན་བསྐུངས་བའི།།

སྡུག་འདི་སངས་ན་བསམ་ཡོད།།

༢༧

འཁོར་ལོ་གཡས་འཁོར་གཡོན་འཁོར།།

དར་ལྕོག་གཡས་བསྐྱོད་གཡོན་བསྐྱོད།།

རི་རྒྱལ་འདྲ་བའི་དད་སེམས།།

མ་འགྱུར་བརྟན་པོར་བཞུགས་ཡོད།།

༢༨

རི་ལ་བབས་པའི་ཁ་བ།།

ཉིན་གུང་ཉི་མས་བཞུ་ཐལ།།

སེམས་་འཐོར་བའི་ཁང་སྐྱ།།

མ་ཞུ་ད་དུང་ལྷག་ཡོད།།

༢༩

བཏབ་པའི་རྒྱ་སེ་མེ་ཏོག།

འབྲས་བུ་འཁྲུངས་རྒྱུ་མ་བྱུང་།།

མ་བཏབ་གངས་ལྷ་མེ་ཏོག།

སེམས་པའི་དཀྱིལ་ནས་བཞད་སོང་།།

༣༠

ང་ནི་ཁྱེད་ལ་དགའ་དགའ།།

ཁྱོད་ནི་ང་ལ་དགའ་ན།།

འཇིག་རྟེན་དུང་བ་བླ་ལྷག།

འུ་གཉིས་སྟེང་དུ་གྲུབ་འདུག།

༣༡

རི་སྐེད་འཐིམས་པའི་སྨུག་པ།།

སྐྱི་བསེར་རླུང་གིས་བཅོམས་ཐལ།།

སེམས་ལ་འཁྱིལ་བའི་སྡུག་ཡུས།།

སངས་རྒྱུ་ཡོད་ན་བསམ་ཡོད།།

༣༢

དབྱར་མགོ་ཚུགས་པ་སྔ་སོང་།།

མེ་ཏོག་བཞད་པ་འཕྱི་སོང་།།

དབྱར་དགུན་དུས་བཞི་སྙོམས་པའི།།

སྐལ་བ་ལྡན་ན་སྐྱིད་ཨང་།།

༣༣

ལུས་པོ་སྒམ་དུ་བཅུག་ཡོད།

རྐང་ལག་ལྕགས་ཀྱིས་བཅིངས་ཡོད།

རྡུལ་ཕྲན་འདྲ་བའི་རྣམ་ཤེས།།

བཙན་སྣོད་གང་དུ་བཅུག་ཡོད།།

༣༤

ཆུ་ཆེན་ཁ་ཞེང་ཟབ་ཟེར།།

ཟམ་གྱི་རྒྱུན་ཐག་ཕྲ་ཟེར།།

ཆུ་བོའི་འགྲམ་དུ་སླེབས་ཚེ།།

རབ་ཁ་བཙལ་ན་ལོས་ཆོག།

༣༥

གཟར་མོ་བྲག་རི་བསྐོར་ཆོག།

འཁྱོག་མོའི་འཕྲང་ལམ་བསྐྱུར་ཆོག།

སེམས་ཀྱི་ཟབ་སར་འཐེན་པའི།།

བྱང་ལམ་བློ་ཡིས་ཇལ་ཆོག།

༣༦

སྤང་ལྗོངས་འདམ་གྱིས་བརྫིས་ཐལ།།

སྤང་ཁུ་ཚེར་མ་གཡོགས་ཐལ།།

དཔུང་མེད་ཨ་ཕོ་རྐང་ཐང་།།

གོམ་རྗེས་གང་དུ་ཕབ་ཡོད།།

             མུ་འགོད།

 
 
ལེའུ་བརྒྱ་དང་བརྒྱད་ཅན་གྱི་བྲིས་རྩོམ་ཞིག
[ 2012-11-16 15:44:37 | By: duodanjia ]
 
 

                            སྐད་ཆའི་ཕྱི་ནང་།

མི་དེ་ཡར་བསྐྱོད་མར་འགྲོ།

ལམ་དེ་ཡར་དཀྱོགས་མར་བསྣོལ།།

ང་རང་འགྲོ་སའི་ལམ་བུ།།

གཟུར་གནས་ལམ་གྱི་བདེན་པ།།

རླུང་བུ་འུར་གྱིས་ལྡང་ནས།།

སྡོང་ལོ་ཕྱོགས་སུ་གཏོར་ང་།།

ལོ་མའི་སྟེང་གི་འཕྲིན་པ།།

སེམས་པའི་རྟེན་དུ་བཞག་ཡོད།།

སྤྲིན་པས་ཉི་མ་བསྒྲིབས་པ།།

ནམ་ཟླའི་འགྱུར་ལྡོག་ཡིན་ན།།

ལྷོ་བཞུད་ཁུ་བྱུག་སྔོན་མོ།།

དུས་བསྟུན་སྐབས་སྤྱོད་བྱས་ཆོག།

འབྲོང་རྒོད་ཙག་གིས་མནར་བ།།

རང་བྱང་གྲང་འཁྱག་ཡིན་ན།།

ཚ་བ་ཆེ་བའི་ཡུལ་ནས།།

ཉ་མོ་ཙད་ཀྱིས་སྐམ་སྲིད།།

རྟ་ལ་རྟ་འདང་མ་བཟུང་།།

སྒ་སྲབ་གཞན་ལ་གཡར་སོང་།།

བོང་རྒན་སྐྱ་ལི་ཞིག་ལ།།

ལྷ་རྟའི་སྲུང་དར་བཏགས་སོང་།།

འཕྲིན་པ་ཆུ་ལ་བསྐུར་བ།།

ཆུ་ཡི་འགྲམ་ནས་རུལ་སོང་།།

སེམས་ཀྱི་སྙིང་གཏམ་རྡོག་པོ།།

རླུང་གིས་དེད་ནས་འཁྱར་སོང་།།

ཡུལ་འཁྱར་འབའ་འབའ་ལུ་གུ།

རི་ཡི་རྩེ་ནས་ཐར་སོང་།།

མ་རྒན་བལ་ཁ་ཅན་པོ།།

ལྷས་རའི་འདབ་ནས་བསད་སོང་།།

སྤྱང་ཀི་རི་ལ་ཤོར་སོང་།།

ཝ་མོ་ཁུང་དུ་འཛུལ་སོང་།།

ལས་ངན་བྱི་བ་འོལ་དཀར།།

རྔོན་པའི་བོའུ་ཁར་འཁྲུངས་ཐལ།།

ལུག་ཁྱུ་རི་ལ་འདེད་དུས།།

སྤྱང་མོའི་རྗེས་ཙམ་མ་མཐོང་།།

ཇ་ཡུན་ཙམ་གྱི་རིང་ལ།།

བྱ་རྒོད་ཉལ་ཉལ་བབས་སོང་།།

༡༠

རྫི་བོ་གཞུང་ནས་བསྡད་དེ།།

འུར་རྡོ་རི་ལ་འཕེན་དུས།།

བྲག་སྟེང་གླག་ཚང་དེར་ཡང་།།

གསལ་བོའི་འདྲོགས་ཤིག་བསླངས་སོང་།།

༡༡

སྦྲ་རྒན་དུ་དྲེག་ཅན་པོ།།

གནའ་མྱིའི་ཤུལ་བཞག་ཡིན་ན།།

ཆོན་ཐག་མཉེན་ཤ་ཅན་པོ།།

སྲོག་གི་དར་ཐག་ཡིན་སྲིད།།

༡༢

ཤིང་ཟོ་ཁ་གོར་ཅན་པོ།།

ཨ་མའི་བཞོ་ཟེའུ་ཡིན་ན།།

འོ་མ་དཀར་མདངས་ཅན་པོ།།

སེམས་པའི་ཁ་དོག་ཡིན་སྲིད།།

༡༣

ལག་འཁོར་ཤིང་ཡུ་ཅན་པོ།།

ཨ་ཕའི་བཟོས་པ་ཡིན་ན།།

གྲོ་ནས་སྲན་གསུམ་བསྡུས་ཏེ།།

མུ་གེའི་སྡུག་ལས་སྐྱོབས་སྲིད།།

༡༤

རྗེ་མོ་ཁྲ་རིལ་མ་དེ།།

རྒྱུ་གསོག་སྣད་དུ་རུང་ན།།

གཡུ་བྱུར་རྒྱན་ཆ་བསྡུས་ཏེ།།

ཚེ་གཅིག་རྟེན་ཏུ་བཞག་ཆོག།

༡༥

འབྲང་ཐག་སྲ་མཐུས་ཅན་དེ།།

རྙིང་ནས་རུལ་རྒྱུ་མེད་ན།།

རི་སྤྱང་ངར་ཤུགས་ཅན་དེ།།

དྲུག་མདུད་བརྒྱབ་ཏེ་བཅུག་ཆོག།

༡༦

གངས་ལ་ཉི་ཐིག་ཕོག་ནས།།

ཆུ་ཐིག་ཤམ་ཤམ་འབབ་དུས།།

སེམས་ན་འཁྱིལ་བའི་མིག་ཆུ།།

ཆུ་ལོག་བཞིན་དུ་འཕྱུར་ཡོང་།།

༡༧

གླ་བ་རྙི་ཡིས་བཟུང་ཆོག།

ཝ་མོ་དུག་གིས་བསད་ཆོག།

ཁྱོད་ལ་ཤོར་བའི་སེམས་པ།།

སུ་དང་གང་གིས་འཛིན་ཐུབ།།

༡༨

རི་ལ་བཏབ་པའི་ས་བོན།།

དེ་མ་ཉིད་དུ་སྐྱེས་ཀྱང་།།

སེར་བ་འཁོར་ཐེངས་ཤིག་གིས།།

ཤུལ་མེད་རྡུལ་དུ་བརླག་སོང་།།

༡༩

ཕྱི་ཐག་ཅན་གྱི་མི་དེ།།

རི་བོའི་ཕ་རོལ་བརྒལ་བས།།

ཆགས་ཞེན་འདྲེས་འི་སེམས་དེ།།

འགྲོ་འདུག་གཡེང་ལ་བྲེལ་འདུག།

                       མུ་འགོད།

 
 
མཐོ་འབྲིང་སྐབས་སུ་བྲིས་བའི་བརྩེ་འཕྲིན་ཞིག
[ 2012-11-15 22:03:23 | By: duodanjia ]
 
 

སྤྲིན་པར་བསྐུར་བའི་སེམས་འཕྲིན།

སྐུ་རི་རབ་ལྷུན་པོའི་གསེར་མདོག་གི་ལྗོངས་ལ།།

སད་སེར་བའི་གོད་ཆག་ཆ་ཙམ་ཡང་མེད་པར།།

བློ་ཤེས་བྱའི་པདྨའི་སྐྱེད་ཚལ་གྱི་ཀློང་ནས།།

བཅུད་ཟེའུ་འབྲུར་རོལ་བཞིན་ལུས་ཁམས་རང་བདེའམ།།

 

རྒན་དམ་པའི་གསུང་གི་བདུད་རྩི་ཡི་བཅུད་ལ།།

ཡིད་གུས་པའི་སེམས་ཀྱིས་རྔམ་འཐུང་རེ་བྱེད་བཞིན།།

གནས་རིག་ལམ་འཚོལ་སའི་སློབ་གྲོགས་ཚོའི་གྲས་སུ།།

བསླབ་རེས་མེད་བརྩོན་བཞིན་དགའ་སྣང་གིས་འཚོས་ཡོད།།

 

ཉིན་ཞག་མར་སློབ་སྦྱོང་བྲེལ་ཤ་རང་ཆེ་བས།།

འཕྲིན་ཐུང་ངུ་འབྲི་རྒྱུའི་ཁོམ་ལོང་ཙམ་མ་བྱུང་།།

གཟུགས་ལང་ཚོ་རྒྱས་བའི་གཞོན་ནུ་མར་ཆེད་དུ།།

ལག་བྲང་ཁར་སྦྱར་ནས་དགོངས་དག་རང་ཞུའོ།།

 

བྲང་ཟུར་གསུམ་ཁོག་ན་ལྷོག་ལྷོག་ཏུ་ལྡིང་བའི།།

སྙིང་གསོན་པོའི་སྟེང་དུ་ཁྱོད་རང་ལས་མ་འདས།།

སྨན་ཁྱོད་ཀྱི་གཟུགས་མེད་ཁེར་རྐྱང་གི་རྣམ་ཤེས།།

བུ་ང་ཡི་ཕུང་བོ་གང་ཞིག་ཏུ་གྲུབ་འདུག།

 

དུས་སྐད་ཅིག་ཙམ་ལ་ངལ་གསོ་རེ་བྱེད་དུས།།

སེམས་ཕྲ་མོ་རླུང་བཞིན་ཁྱེད་ཕྱོགས་སུ་ལྡང་ཡོང་།།

མིག་མཆི་མའི་མུ་ཏིག་དོ་ཤལ་གྱི་ཕྲེང་བ།།

བུ་ང་ཡི་ཕྱོགས་ལ་གཏོར་བ་རེ་ཡོད་དམ།།

 

རླུང་བསེར་བུའི་འཇབ་རྒོལ་འུར་འུར་དུ་ལྡང་དུས།།

ལུས་བདེ་ཐང་ཕྱོགས་ལ་སེམས་ཁྲལ་རེ་བྱས་ཀྱང་།།

གེགས་བར་ཆད་སེལ་བའི་ཁ་གཡང་དང་རླུང་རྟ།།

བུ་ང་ཡི་ཆེད་དུ་ག་ཙམ་རེ་སྤུར་མྱོང་།།

 

ཕྱི་ཁོར་ཡུག་མཛེས་སྡུག་མེ་ཏོག་གིས་བརྒྱན་ཡང་།།

ནང་སེམས་པ་རྩྭ་མེད་མྱ་ངན་གྱི་བྱེ་ཐང་།།

སྐད་གཉོམ་པོས་སྡུག་གླུ་དབྱངས་རྟ་ལ་བཀུགས་ཏེ།།

རླུང་བསེར་བུར་མ་གསང་བསྐུར་བ་རེ་ཨེ་ཡོད།།

 

ཟླ་འགའ་ཤས་རྫོགས་མེད་ལོ་རྒན་ལྟར་སྣང་ཡང་།།

སེམས་ཡ་ཆུང་སྡུག་གི་མུན་པ་ཡིས་གཡོགས་སོང་།།

བློ་ཞིབ་མོས་ཉིན་གྲངས་མཛུབ་འགོ་ནས་བགྲངས་དུས།།

དུས་མ་ལན་སེམས་ཀྱི་བར་ཐག་དེ་ལན་སོང་།།

 

དུས་སྔ་འཕྱི་འབྱེད་པའི་དུས་ཚོད་ཀྱི་དབང་གིས།།

གཏམ་དྲོན་མོ་མགྲིན་སྣེའི་བུ་ག་ནས་མིད་དེ།།

ལུས་བདེ་ཞིང་སློབ་འབྲས་དབྱར་མཚོ་ལྟར་རྒྱས་པའི།།

བཀྲ་ཤིས་བའི་ཁ་གཡང་དུས་གཏན་དུ་སྒྲོག་གོ།

 

 
 
ཕྱིར་དྲན་ཀློང་གི་བྱམས་པ།
[ 2012-11-14 11:42:16 | By: duodanjia ]
 
 

ཕྱིར་དྲན་ཀློང་གི་བྱམས་པ།

གློག་འོད་བཀྲ་ཞིང་འདུ་འཛི་རྒོད་པའི་གྲོང་དེ་འུ་གཉིས་འཛོམས་ས་སྟེ།།

རྒྱུན་པར་ཁོ་བོ་དེ་རུ་ཕྱིན་ཏེ་ཕྱིར་དྲན་སྒོམ་ལ་ཞུགས་པ་ཡིན།།

དེ་རུ་མིག་ཟུང་ཅུང་ཟད་བཙུམ་ཚེ་མེ་ཏོག་ལྟ་བུའི་བུ་མོ་ཁོང་།།

ང་ཡི་སྔས་དང་ང་ཡི་པང་ན་རྩེད་དགོད་འཛུམ་མདངས་ཤ་ར་ར།།

ཁ་བ་མཐུག་པའི་དགུན་གཞུང་ཞིག་ལ་སྲང་ལམ་བཞི་མདོའི་ཧྲག་བར་ནས།།

ལུས་ཟུང་འཁྱུད་ཅིང་འགྲམ་ཤ་སྦྱར་ཏེ་མཆིན་པའི་ཤ་དྲོད་བརྗེས་པ་དེ།།

ཕྱིར་དྲན་དྭངས་གསལ་མེ་ལོང་ངོས་ན་འོད་དུ་འབར་ཞིང་བརྗིད་དུ་གྲག།།

གློག་ལས་ཅུའི་ཡི་འགྲམ་དུ་ཆགས་པའི་རོང་ཚང་སེང་ལྡིང་མགྲོན་ཁང དེ།།

ལུས་ཀྱི་རྔུལ་ཆུ་ཐར་ཐོར་འཐོར་ཞིང་སེམས་འདོད་ཅིག་ཅར་སྐོང་ས་ཞིག

ནད་པ་ཡར་བསྐྱོད་མར་འགྲོར་འཚང་བའི་ལམ་འགྲམ་སྨན་ཁང་ཆུང་ཆུང་དེ།།

ང་ལ་མཚོན་ན་དུས་ཆད་བཏབ་སྟེ་བརྩེ་དུང་རྐྱང་རྐྱང་གླེང་ས་ཞིག

སྐར་ཚོགས་བཀྲ་ཞིང་ཟླ་འོད་གསལ་བའི་ལྷིང་ཞིང་འཇགས་པའི་མཚན་མོ་དེར།།

སྙིང་གཏམ་འོ་ཆུ་ལུས་ལ་འཐིམས་ཤིང་རྩ་ལམ་རེ་ལ་ཤུགས་ཀྱིས་རྒྱུ།།

དུས་ཚིགས་འཁོར་ཞིང་ལོ་ཟླ་བརྗེས་ཀྱང་དམ་ཚིགས་བློ་ན་གསལ་ལྷང་ལྷང་།།

བར་ཐག་བཅད་ཀྱང་ཁ་ཐག་རིང་ཡང་བརྩེ་བ་སེམས་ན་དྲོད་ཤིག་ཤིག

ཁྱོད་རང་མེད་པའི་ནགས་ཀློང་འདི་ན་ཁུ་བྱུག་གསུང་སྐད་མི་འདུག་གི།

ཁྱོད་དང་བྲལ་བའི་སྤང་ལྗོངས་འདི་ནས་དཀར་དམར་མེ་ཏོག་མི་མཐོང་གི

ཁྱོད་དང་གྱེས་བའི་སྡེ་གྲོང་འདི་ནས་སྙན་པའི་གཏམ་ཞིག་མི་ཐོས་ཀི

ཁྱོད་རང་མེད་པའི་དབྱར་གཞུང་འདི་ཡང་སྨུག་གི་གཡོགས་ཤིང་ཙག་གིས་མནར།།

མལ་ས་དྲོན་མོ་འཁྱག་ལ་ཤོར་ཞིང་གདན་སྣེ་གྲུ་བཞི་སྟོང་བར་གྱུར།།

དུས་ཀྱི་འགྱུར་ལྡོག་རེས་སུ་འཁོར་ཡང་ང་ལ་མཚོན་ན་དགུན་ཁ་རེད།།

དྲོད་འཇམ་ཉི་མའི་གཟི་འོད་འབར་ཡང་གྲང་ཤའི་འདར་ཤ་ཆད་མ་མྱོང་།།

མངར་མོ་ཟས་ཀྱི་བྲོ་བ་ཡལ་ཞིང་ཟ་འདོད་སེམས་ཀྱི་ཡི་ག་ཆད།།

དགྲ་ཡིས་མ་གནོད་ནད་ཀྱིས་མ་བཟུང་ཤ་རྒྱག་ལང་ཚོ་དར་ན་ཡང་།།

དྲན་གདུང་འོབས་ཀྱི་མེ་ལྕེའི་ཀློང་ནས་ལུས་པོ་བསྲེགས་ཤིང་རྣམ་ཤེས་འཁྱར།།

འཕྲད་འདོད་འདུན་པ་དྲག་ཏུ་རྒོད་ལ་སྙིང་གཏམ་བྲང་ན་ལྷོག་ལྷོག་ལྡིང་།།

དྲན་གདུང་སེམས་འགྱུ་སྟོང་གིས་མནར་ཞིང་མིག་མཐར་མཆི་མས་རང་འཁོར་བརྒྱབ།།

མིག་ཆུ་བཏང་བ་རིན་དུ་མ་སོང་དངུལ་གྱིས་བརྩེ་བ་ཉོས་ན་ཆོག

ཤ་ལས་གྲུབ་པའི་སེམས་ཁམས་དེར་ཡང་ཁ་ཡག་ཚིག་གིས་གསོས་ན་ཆོག

ཐ་ན་ཁྲེལ་དང་ངོ་ཚ་དེ་ཡང་ཕན་ཁེ་རེག་དུས་དོར་ན་ཆོག

དགའ་བ་དུང་བ་དྲན་པ་དེ་ཡང་ཁ་སྟོང་ནང་གི་ཚིག་སྟོང་ཞིག

བཅུ་དྲུག་གཟུགས་གཞིའི་ལང་ཚོའི་མེ་ཏོག་ད་ལྟ་རྙིད་ཅིང་སྐམ་ལ་ཉེ།།

དམ་ཚིག་དགུ་འགྱུར་འབྲང་བའི་རྒྱུན་ཐག་ད་ལྟ་རལ་ཞིང་ཆད་ལ་ཉེ།།

ཕྱི་ཐག་རྨ་ཀླུང་དལ་འབབ་རིང་མོ་ད་ལྟ་རྙོག་ཅིང་ཐག་ལ་ཉེ།།

སྙིང་གཏམ་གསང་བའི་འཁོར་ལོ་དེ་ཡང་ད་ལྟ་དལ་ཞིང་འདུག་ལ་ཉེ།།

འུ་གཉིས་བརྒྱུད་སའི་ལམ་བུ་དེ་ཡང་ད་ལྟ་བརྗེད་ཅིང་འབོར་ལ་ཉེ།།

རྒྱུན་དུ་འགྲོ་སའི་ཇ་ཁང་དེ་ཡང་ད་ལྟ་མི་གསལ་རབ་རིབ་ཅིག

ཟླ་ཐོག་ལོ་བརྩེགས་གཏམ་རྒྱུད་དེ་ཡང་ད་ལྟ་མི་དྲན་མག་མོག་ཅིག

བརྩེ་དུང་ཞེས་བའི་ཐ་སྙད་དེ་ཡང་ད་ལྟ་མི་བདེན་ཐེ་ཚོམ་ཞིག

གང་ན་ཕན་ཡོད་དེ་ན་འབྲས་ཡོད་འབྲས་མེད་མྱུ་གུ་མི་འབྱུང་བས།།

མི་ཕན་མི་རེག་བརྩེ་དུང་རོལ་མཁན་སྲིད་འདིར་ཧ་ཅང་དཀའ་ཙམ་གདའ།།

༼ སེམས་པའི་ནང་དུ་སེམས་པ ༽ཞེས་པའི་ཡང་དག་དྭངས་གཙང་བརྩེ་དུང་ཞིག

ཁོ་བོས་སྙེག་སའི་ལམ་བུ་ཡིན་ཞིང་ཡང་ཡང་བརྒྱབ་པའི་སྨོན་ལམ་མོ།།

༢༠༡༡  ༡༠  ༡༢ཉིན་བྲིས།

 
 
གློ་སྙིང་གི་ང་རོ།
[ 2012-10-26 2:21:54 | By: duodanjia ]
 
 

 གློ་སྙིང་གི་ང་རོ།

    

སྤྲིན་པའི་མིག་ཆུ་གཟུགས་སུ་བཟུང་བ་དང།།

སྐར་མའི་ཟུར་མིག་རྣ་བར་གཏད་པ་དེ།།

རང་སྣང་རླུང་གིས་གཏོར་བའི་སེམས་འགྱུ་སྟེ།།

དོན་གྱིས་བསམ་ན་ངལ་བའི་རྒྱུ་རུ་ཟད།།

 

རི་ཡི་ཁ་ཞེང་གོམ་པའི་འཕྲེད་ཀྱིས་བཅད།།

འཇའ་ཡི་ཁ་དོག་དྭངས་མོ་བློ་ཡིས་བཟུང་།།

བདེན་བདེན་སྣང་བའི་འོད་ཀྱི་ཚོར་བ་དེ།།

རྫུན་རྫུན་སྨྲ་བའི་ལུགས་ཀྱིས་དུམ་སེར་གཏུབ།།

 

 རླབས་ཀྱི་གཟུགས་རིས་མིག་གིས་ཆོམ་སེར་འཕྲོག།

 པདྨའི་འདབ་མ་སེམས་ཀྱིས་ཧྲག་གེར་བཅོམས།།

ལས་ཀྱིས་གནང་བའི་བདེན་པའི་གཏམ་རྒྱུད་དེ།།

སྨྲེང་བའི་བསྐྱལ་བའི་ཉི་ཐིག་རྡོག་འཕྲོ་ཉིད།།

 

སྤང་གི་རྩྭ་ལྡུམ་རྡོག་པའི་ཐྲིག་གེར་བཅད།།

རྡོ་ཡི་རི་མོ་ལག་པ་ཤ་གེར་བསུབ།།

ཁ་མཚར་ཕྱོགས་སུ་འཐོར་བའི་ཕུགས་བསམ་ཏེ།།

དུས་ཀྱིས་སྤྱུགས་པའི་ཐག་པའི་སྣེ་མོ་ཙམ།།

 

འབྲུག་གི་ངར་སྐད་ཆུ་ལ་ཤག་གེར་འདྲེས།།

ཐོག་གི་འོད་ཚོམ་མེ་ལ་ལེམ་མེར་གྲུབ།།

བཙན་པོས་ཆོ་འཕྲུལ་འོག་གི་འཇིག་རྟེན་ཏེ།།

བདེ་བའི་གནས་ཚང་ཞིག་གི་ར་མདའ།།

 

ཉི་མའི་གླུ་གར་སིང་ངེར་ཕྱོགས་སུ་འཐོར།།

ཟླ་བའི་ཁ་ཆེམས་གསལ་ལེར་རི་ལ་འཁྲུངས།།

བདག་པོའི་སྒེར་དུ་བཟུང་བའི་གནས་ཚང་སྟེ།།

སྡུག་སྨྲེའི་དུར་ཁྱིམ་ཞིག་གི་ས་ཞིང་ངོ་།།

                      ༢༠༡༢  ༠༢ ༠༣ཉིན་བྲིས།

 

 
 
རང་སྐུལ་བྱེད་པ་དཔའ་བོའི་སྤྱོད་པ་ཡིན།
[ 2012-10-25 20:24:43 | By: duodanjia ]
 
 

   རང་སྐུལ་བྱེད་པ་དཔའ་བོའི་སྤྱོད་པ་ཡིན།

ཉིན་ཞིག་རྔོན་པས་གླག་ཚང་ནས་སྒོ་ང་ཞིག་བླངས་ཏེ་ཁྱིམ་བྱའི་སྒོང་ཕྲུག་ཁྲོད་དུ་བཞག  ཡུན་རིང་མ་ལོན་པར་བྱ་ཕྲུག་རྣམས་ཁ་གད་ཅིང།དེ་ཚོ་མོ་བྱས་

གཉོར་སྐྱོང་བྱས།གླག་ཕྲུག་དེར་གཞན་དང་མི་འདྲ་བའི་ཁྱད་ཆོས་ཤིག་ཡོད་པ་ནི་

སུས་ཀྱང་མ་ཤེས།གླག་ཕྲུག་འཇིག་རྟེན་དུ་ཐོན་པ་ནས་བཟུང་བྱ་ཕྲུག་རྣམས་དང་ ཆབས་ཅིག་ཏུ་བསྡད་པས་འཚོ་བ་རོལ་སྟངས་ཀྱང་དེ་ཚོ་དང་གཉིས་སུ་མེད་པར་ གྱུར།གླག་རྒོད་ཅིག་ནམ་མཁའ་རུ་འཕུར་བཞིན་པའི་སྐབས་ཤིག་ལ།གླག་ཕྲུག་དེས་མགོ་བོ་དགྱེ་ནས་བསྟོད་བསྔགས་བྱེད་ཀྱིན༼ གལ་ཏེ་ཉིན་ཞིག་ང་རང་ཡང་འཕུར་ཤེསན་ཅི་མ་རུང་༽ཟེར།

སྐབས་དེར་མོ་བྱའི་མགོ་བོ་ཕྱིར་འཁོར་ཏེ།སྟོང་བསམ་མ་བརྒྱགཁྱོད་ནི་བྱ་ཕྲུག་ཅིག་ཅེས་གཤེ་གཤེ་བཏང་།བྱ་ཕྲུག་གཞན་པ་ཚོས་ཡང་༼ ཁྱོད་ནི་བྱ་ཕྲུག་ཅིག ༽རེད་ཟེར།དེ་ནས་གླག་ཕྲུག་གིས་ཀྱང་ཁོ་རང་ཉིད་ལ་༼ང་ནི་བྱ་ཕྲུག་ཅིག

ཡིནཟེར།མཇུག་མཐར་འཕུར་འདོད་ཡོད་པའི་གླག་ཕྲུག་དེ་གཏན་ནས་འཕུར་མ་མྱོང་བར་ཚེ་རྫོགས་སོང་།གཏམ་རྒྱུད་ཀྱང་འདི་ལྟར་རྫོགས་སོང་།ད་ནི་ནང་དོན་དངོས་ལ་འཇུག་པར་བྱ་སྟེ།མི་ནི་སྒྲིག་གཞི་ཅན་གྱི་རྩིས་འཁོར་གྱི་མ་ལག་ཇི་བཞིན་ལག་པ་ཡོད་ཡོད་ཐམས་ཅད་ཀྱིས་མཐེབ་ཤེད་རེ་བྱས་ཚེ་བསྒྱུར་འགྲོ་བ་དེ་ཡིན་ན་དོན་ལྔ་དང་སྣོད་དྲུག་ནི་རོལ་རྩེད་ཀྱི་མཉེན་ཆས་ཤིག་དང་འདྲ་བར་ཕབ་འཇུག་བྱས་ཡོད་ཡོད་ཐམས་ཅད་ཀྱིས་མིག་འཕྲུ་རག་དང་མགོ་ན་རག་བར་དུ་ཅི་འདོད་དུ་རོལ་ཆོག་ཨང་།དེ་ལྟར་འདོད་ན།མིའི་ཤེས་རྟོགས་ལ་ཚད་གཞི་ཅན་གྱི་མ་ལག་གྲུབ་འདུག་ལ། ཡིག་སྣོན་དུ་རྒྱུ་ཆ་བསྡུ་གསོག་བྱེད་པ་བཞིན་ཚད་དང་རན་པའི་ཤེས་པ་ཞིག་མ་གཏོགས་ཚད་ལས་བརྒལ་ཚེ་ཐབས་ཟད་དུ་འགྲོ་སྲིད།འོན་ཀྱང་།དེ་ལྟར་མིན་ཏེ།མི་ནི་

ཐོག་མ་ནས་བྲང་ཁོག་ན་སྙིང་གསོན་པོ་དང་རྩ་ལམ་ན་ཁྲག་དྲོན་མོ་རྒྱུ་བའི་རིག་ཤེས་ཀུན་གྲོལ་གྱི་སྲོག་ལྡན་དེ་ཡིན་ལ་དཀར་ནག་ཤན་འབྱེད་ཀྱི་གཟུར་གནས་ཀྱི་མིག་དང་།བདེན་རྫུན་དབྱེ་འབྱེད་ཀྱི་ཚོར་ཤེས་ཀྱི་རྣ།རྒྱུ་འབྲས་སྤང་བླང་གི་

ཕྲ་ཞིབ་ཀྱི་བློ་སོགས་ལྡན་པས་ཐོག་མ་ནས་རང་བཀུར་དང་།རང་སྐྱོང་།  རང་དོན་རང་གཉེར་སོགས་ཤ་གསེང་རུས་གཏིང་དུ་འཐིམས་ཡོད།དེ་ཡང་མཁས་

འི་དབང་བོ་ཨ་ལགས་དོར་ཞི་རིན་པོ་ཆེའི་ཞལ་ནས་ཡང་འདི་ལྟར་གསུང་ཡོད་དེ། མི་རིགས་རང་ཉིད་ཤེས་རབ་སྙིང་སྟོབས་ཀྱིས།།

ཡར་བསྐྱེད་གོམ་པ་རང་སྤོས་མ་བྱས་ན།།

གཞན་གྱི་སྐྱོར་ཅིང་ལམ་ཁྲིད་ལ་བརྟེན་ན།།

བསྐལ་བརྒྱར་འདས་ཀྱང་རྗེས་ལུས་ཉིད་ལས་མེད།།

ཞེས་པ་ལྟར་དོན་དཀའ་གནད་གང་དང་དཀར་ནག་བདེན་རྫུན་གྱི་གནས་ལུགས་ཀྱི་འོག་ནས་རང་གིས་རང་ལ་ཡིན་རྟོན་ལེགས་པོ་ཞིག་བྱེད་དགོས་མོད།  འོན་ཀྱང་།མི་ལ་ལ་ཞིག་དེ་ལས་ལྡོག་སྟེ་རང་ཉིད་གཞན་གྱི་དོ་ཟླར་མི་འོས་བསམ་གྱིན་དོན་དག་ཕྲན་ཙམ་ལ་འཕྲད་ཀྱང་གཞན་ལ་སྐྱབས་བཅོལ་གྱི་ཡོད།སྐབས་འདིར་ཨ་མེ་རི་ཁའི་བསམ་བློ་བ་གྲགས་ཅན་༼ ཨེལ་པུར་ཁྲི་ཧོ་པར་ཏེས༽བཤད་པའི་སྐད་ཆ་ཞིག་ངའི་ཡིད་ལཅིག་ཅར་ཤར་བྱུང་བ་སྟེ།༼ ཉི་འོད་ཀྱི་ཁྲུས་དང་ས་གཞིའི་འཚོ་བཅུད་དབེན་པའི་ལྗོན་ཤིང་ནི་རྒྱུན་ལུགས་ལྟར་སྐྱེ་ཐབས་མེད་ཅིང་རྙིང་ཚབ་གསར་བརྗེ་བྱེད་མི་ཐུབ་ལ་ཚབས་ཆེ་ན་ཡོངས་སུ་རྙིད་པར་འགྱུར། དེ་བཞིན་དུ་རང་རྟོན་ནི་མི་ཞིག་ལ་མཚོན་ན་ཚེ་སྲོག་གི་ཉི་འོད་དང་འདྲ། ནམ་ཡང་རང་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་པའི་མི་ཞིག་ལ་བལྟས་མ་ཐག་ནས་བཞིན་ངོས་སུ་བཀྲག་མདངས་འཚེར་བ་མཐོང་ཐུབ་ཅིང་།ལུས་ཡོངས་སྟོབས་ཤུགས་ཀྱིས་བརྟས་ཤི་དཀའ་སྡུག་གི་མདུན་ནས་མགོ་སྒུར་མི་སྲིད་པ་དེ་ཤེས་ཐུབ།འོན་ཀྱང་རང་རྟོན་དང་བྲལ་བ་ཞིག་ཡིན་ཚེ།ལུས་ཟུངས་ཞན་པའི་ནད་པ་ལྟར་བཞིན་མདངས་ཉམས་ཤིང་།སྐད་ཆ་ཉམ་ཐག་ཅིང་ཚོགས་པའི་མདུན་སར་རང་གི་འདོད་བློའང་བརྗོད་མི་ཕོད་པ་རེད།དེ་ལྟར་ཡུན་རིང་འགོར་ན་དེ་ཉིད་གཞན་གྱི་མིག་ལམ་དུ་བག་འཁུམ་པའི་གཟུགས་བརྙན་ཞིག་ཏུ་སྣང་ཞིང་།དེ་ལྟ་བུའི་མི་རྣམས་ཀྱི་ནི་འགན་ཁུར་ཆེན་པོ་ཞིག་ཐེག་པར་ཡིད་ཆེས་བྱེད་མཁན་ཤིན་ཏུ་དཀའ་འོ །།

༽གོང་དུ་བརྗོད་པའི་སྐད་ཆ་འདི་ནི་ཡིད་རྟོན་གྱི་གལ་ཆེན་རང་བཞིན་མཚོད་བྱེད་ཅིག་ཡིན་ལ ཐེ་ཚོམ༽དང་།༼བག་འཁུམས༽༼མུན་འཐོབས༽སུ་འཚོ་བཞིན་པའི་ཚོགས་པ་གང་དེར་ཆེད་དུ་བཤད་པ་བཞིན་རྣག་ཐོག་ཁབ་རྩེགས་ལྟར་གནད་དུ་ཟིན་ཡོད་སྙམ།མི་རེ་རེའི་ཤེས་རྟོགས་ཀྱི་ཟབ་ཚད་དང་བསམ་བློའི་ཡང་དོག་འདུ་ཤེས་འཛིན་སྟངསམི་ཚེའི་ལྟ་བ་དང་རིན་ཐང་གི་ལྟ་བ། མཛེས་དཔྱོད་ཀྱི་ལྟ་བ་སོགས་འདྲ་མིན་སྣ་ཚོགས་ཤིག་འབྱུ

ང་སྲིད་པ་ཆོས་ཉིད་དུ་སྣང་མོད།འོན་ཀྱང་ཀུན་དང་མཐུན་པའི་ལུགས་གང་དེར་བསྟུན་ནས་མིག་མཐོང་ལག་ཟིན་གྱི་རྒྱུ་འབྲས་གང་དེར་མི་འགལ་བ།དཔྱད་བསྡུར་ཤན་འབྱེད་ཀྱི་ཡང་དག་ལྟ་བ་གང་དེར་རྒྱབ་མི་གཏོད་པ་བཅས་ནི་ཡང་ཆོས་ཉིད་དུ་སྣང་ངོ་། 

དེའི་སྟབས་ཀྱིས་དགག་རྒྱག་དང་དོགས་སློང་། ཕྱིར་རྟོགས་བཅས་ནི་མེད་དུ་

མི་རུང་བའི་སྤྱི་ཚོགས་ཀྱི་ལག་ཆ་གལ་ཆེན་ཞིག་ཏུ་སྣང་ངོ་།ཡིན་ཡང་།དེ་ལས་ལྡོག་སྟེ་རྣ་ཐོས་ཙམ་དང་གོ་ཐོས་ཙམ།ཟེ་སྒྲོས་འབའ་ཞིག་གི་རྗེས་སུ་འབྲང་ན་༼ བྱིས་པ་བསམ་མེད་ལ་ར་ནུ་ལྡུད་པའིདཔེ་རུ་འགྲོ་སྲིད་དོ།

སྤྱིར་ཡིད་རྟོན་ནི་མི་བུ་གང་དེའི་སེམས་ཀྱི་ཀུན་གཞིའམ་བསམ་བློའི་སྤུས་ཚད་ཁོར་ཡུག་དང་གོམས་གཤིས་སོགས་ལ་འབྲེལ་བ་ཆེན་པོ་ཡོད་མོད།སེམས་ཀྱི་ཀུན་གཞི་ཡག་པོ་ལྡན་པའི་མི་ཞི་ཡིན་ཕྱིར་།ན་ཡང་རང་སྙེམས་རང་སྨད་མི་བྱེད་ལ་གཞན་གྱི་བཟང་ཆ་ཡིས་རང་གི་ཞན་ཆར་འཇལ་བའི་གླེན་རྟགས་ཀྱང་སྟོན་མི་སྲིད།དེ་འདྲ་ཡིན་ན་ད་གཟོད་གནད་དོན་གང་ལ་འཕྲད་ཀྱང་རང་ཐུབ་རྩུབ་པོ་མིན་ང་བག་ཡོད་ཚུལ་ལྡན་གྱི་སྒོ་ནས་མཐའ་མཇུག་རྒྱལ་བར་འགྱུར་རོ།

དེ་ཡང་སྟོན་པ་རིན་པོ་ཆེའི་ཞལ་ནས་ཀྱང་འདི་ལྟར་གསུང་ཡོད་དེ།

རང་ཉིད་རང་གི་མགོན་ཡིན་གྱི།། གཞན་ལྟ་སུ་ཞིག་མགོན་དུ་མཆིས།།

ཞེས་པ་དང་། ད་དུང་། ངས་ནི་ཁྱེད་ལ་ཐར་བའི་ལམ་སྟོན་གྱི།། ཐར་བ་

ཐོབ་མིན་རང་ཉིད་ལ་རག་ལས།།   གསུང་ཚིག་འདིར་གཞིག་ན་ཡང་

ང་ཚོ་གཞན་སུ་ལའང་སྨོན་དགོས་དོན་རྦད་དེ་མི་འདུག་ལ་རང་ཉིད་ནི་རང་གི་སྨོན་ཡུལ་དུ་

རློམ་ཆོག་ཆོག་རེད། ཡིན་ཡང་ །  བོད་ཀྱི་སྤྱི་ཚོགས་སུ་མཚོན་ན་ཡིན་རྟོན་

ནི་ང་རྒྱལ་ཞིག་གམ་ཧམ་པ་ཅན།འདོད་ཆུང་ཆོག་ཤེས་སོགས་ཆོས་ལུགས་ཀྱི་ལྟ་བའི་

ཚད་ནས་བརྒལ་བའི་སྣང་ཚུལ་ཞིག་ཏུ་བརྩི་བཞིན་ཡོད་མོད།འདི་ནི་རྨོངས་དད་དང་མཁྲེགས་འཛིན་ཙམ་དུ་སྣང་། ༼མ་ལི་ཁུ་ལེ་ལུ་ཡིས༽ 瑪麗 科萊利

ཡིས་༼གལ་ཏེ་ང་ནི་ས་འདམ་ཞིག་ཡིན་།ངས་དཔའ་བོ་ཞིག་ཡོང་ནས་བརྫི་བར་གྲ་སྒྲིག་བྱེད་ཅེས་བཤད། གལ་ཏེ་རྣམ་འགྱུར་དང་སྐད་ཆའི་སྤྱོད་པའི་སྟེང་ནས་

སྐབས་སྐབས་སུ་ཉམ་ཆུང་བའི་མངོན་ཚུལ་དང་དོན་གང་ཡིན་ང་རང་ཉིད་ལ་ཡིད་ཆེས་དང་བརྩི་འཇོག་མེད་ན།གཞན་གྱིས་ཀྱང་མི་དེ་འདྲ་ཞིག་ལ་བརྩི་བཀུར་བྱེད་མི་སྲིད་དོ    པེ་ཁ་ལོ་ལིན་ཀྲིག(北卡羅萊納州)

གི་ཨེ་ཏི་སི་ཨར་རེ་ཏེ愛迪絲阿爾雷德རྒན་མོས་གྲོགས་ལ་བསྐུར་བའི་འཕྲིན་ཡིག་ནང་དུ་ན་རེ།ང་ནི་ཚོར་བ་ཤིན་ཏུ་སྐྱེན་ཞིང་ཡ་ང་བག་ཚ་ཆེ་བའི་བུ་མོ་ཆུངཆུང་ཞིག་ཡིན་ལ།ཤིན་ཏུ་ཚོ་ཞིང་འགྲམ་ཤ་གཉིས་རྒྱག་པས་མཐོང་བ་ཙམ་གྱིས་ཧ་ཅང་ཚོ་བའི་སྣང་བ་ཞིག་སྟེར།ང་རང་འདུ་འཛོམས་གང་ལའང་གཏན་ནས་ཞུགས་པ་མིན་ཞིང་དེ་ན་རང་ཉིད་ལ་དགའ་ས་ཅི་ཡང་མེད་དོ།།སློབ་གྲྭ་འཚོགས་རྗེས།ང་རང་སློབ་གྲོགས་ཚོའི་བྱ་འགུལ་གང་ལའང་ཞུགས་པ་མིན་ལ་ཐ་ན་ལུས་རྩལ་རྣམ་གྲངས་སུ་ཡང་མི་ཞུགས།ང་ནི་ངོ་ཚའི་མཐར་སོན་ནས་ནམ་ཡང་རང་ཉིད་ནི་གཞན་པ་དང་མི་འདྲ་བ་ཞིག་རེད་འདོད་པ་རེད།ང་ནར་སོན་རྗེས་རང་ལས་ལོ་འགའ་ཆེ་བ་ཞིག་དང་བཟའ་ཟླ་བྱས།འོན་ཀྱང་ང་ལ་འགྱུར་ལྡོག་ཅི་ཡང་མེད།ངའི་ཁྱོ་བོའི་ཁྱིམ་ཚང་ནི་བརྟན་པོ་དང་རང་རྟོན་ཅན་གྱི་ཁྱིམ་ཚང་ཞིག་རེད།ངས་རང་ཉིད་ཁོ་ཚོ་དང་འདྲ་བ་ཞིག་བྱེད་འདོད་ནའང་བསྒྲུབ་མི་ཐུབ།ང་ནི་ཉིན་རེ་ལས་ཉིན་རེ་སེམས་འཚུབ་ཅིང་ཁྲོ་སླ་ལ།གྲོགས་པོ་སུ་ལ་འཕྲད་ཀྱང་འཇིག་དོག་ཆེ་བ་ཞིག་ཏུ་གྱུར།སྤྱི་སྤྱོད་ར་བར་ཐེངས་རེར་སོང་དུས་ངས་ཅི་ཐུབ་གང་ཐུབ་ཀྱིས་རང་ཉིད་སྣང་བ་སྐྱིད་པའི་རྣམ་འགྱུར་བསྟན་ཞིང་ཐ་ན་ཚད་ལས་བརྒལ་བའི་ཚུལ་འཆོས་ཀྱང་བྱས་པ་ཡིན།དེ་ལྟར་བྱས་རྗེས་ཉིན་འགའ་འགོར་ཀྱང་ང་ད་དུང་ཐང་ཆད་ནས་ཤི་ལ་ཁད་བྱེདཔས།ད་གཟོད་རང་གི་བྱེད་སྟངས་དེ་ཚད་ལས་བརྒལ་དྲགས་པ་ཤེས་ཡོང་།སྐབས་འགའ་རེ་རང་ཉིད་ད་དུང་མུ་མཐུད་དུ་འཚོ་ཞིང་གནས་ན་སྙིང་བོ་ཡོད་མེད་ལ་ཡང་དོགས་པ་ཟ་ཞིང་།རང་ཤི་རྒྱག་རྒྱུ་ཞིག་ཀྱང་དྲན་ཡོང་བ་རེད།ཡིན་ན་ཡང་།སྟབས་ལེགས་པའི་སྐད་ཆ་ཚིག་གཅིག་གིས་ངའི་མི་ཚེ་ལ་འགྱུར་ལྡོག་བྱུང་དུ་བཅུག

ཉིན་ཞིགསྒྱུག་མོས་ང་ལ་ཁོས་བུ་ཕྲུག་ལ་སློབ་གསོ་ཇི་ལྟར་བཏང་ཚུལ་བཤད།ཁོ་མོ་བྱ་བ་གངལ་འཕྲད་ཀྱང་།ངས་ནམ་ཡང་ཁོ་ཚོར་རང་ཉིད་རང་ཉིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱོས་ཞེས་བཤད་པ་ན།རང་ཉིད་དུ་འཛིན་པ་ཞེས་པའི་ཡིག་འབྲུ་དེ་དག་འོད་ཟེར་ཞིག་དང་འདྲ་བར་ངའི་ཀླད་པའི་ནང་དུ་འཕྲོསཏེབཀྲ་མི་ཤིས་པ་ཐམས་ཅད་ཀྱི་འབྱུང་ཁུངས་མ་གཞི་རང་ཉིད་རང་ལ་མི་དབང་བའི་རྣམ་པ་ཞིག་གི་ནང་དུ་ཚུད་པར་བྱས་པ་དེ་ཡིན་པ་ཡང་ཤེས་པར་བྱས་སོང་།

དེ་ནས་ང་མཚན་ཐུན་གཅིག་གི་རིང་འགྱུར་སོང་།

ངས་རང་ཉིད་རང་ཉིད་དུ་འཛིན་རྒྱུའི་འགོ་བརྩམས་ཏེ་འབད་པས་རང་ཉིད་ཀྱི་རང་གཤིས་ལ་ཞིབ་འཇུག་བྱས་ཤིང་།རང་ཉིད་ལ་ངོས་འཛིན་གསལ་བོ་ཞིག་བྱས་པ་མ་ཟད།རང་ཉིད་ཀྱི་བཟང་ཆའང་བཙལ་བ་ཡིན།དེ་ནི་དུས་ཡུན་ཧ་ཅང་རིང་བའི་གོ་རིམ་ཞིག་རེད།ཡིན་ན་ཡང་ད་ལྟ་ང་ལ་སྔོན་ཆད་ལས་ཧ་ཅང་དགའ་སྐྱིད་ལྡན་པ་རེད།ངས་རང་གི་བུ་ཕྲུག་ལ་སློབ་གསོ་གཏོང་དུས།

དཀའ་སྡུག་དེ་དག་མྱངས་མཐར་ཤེས་པའི་བསླབ་བྱ་སྟེ་བྱ་བ་ཅི་ཞིག་བྱུང་ཡང་རང་ཉིད་ནམ་ཡང་རང་ཉིད་ཡིན་པའི་སྐོར་དེ་ཁོ་ཚོར་ངེས་པར་དུ་བཤད་དགོས་སོ།།ཞེསབཤད་པ་རེད།

སྣང་ཚུལ་འདིས་ཀྱང་མི་རེ་རེ་ལ་རང་ཉིད་ཀྱི་འཇོན་ཐང་མངོན་མེད་པ་དེ་སྔོགས་འདོན་བྱེད་ཀྱི་ཡོད་ལ་མིའི་རིགས་པའི་བཀོལ་ཚད་ཀྱང་རྩ་བ་ཅན་དུ་གྲུབ་ཡོད་པ་ཤེས་ཐུབ།

ང་ཚོ་རང་ལ་ཐོབ་འོས་པའི་གྲུབ་འབྲས་དང་བསྡུར་ཚེ།དོན་དངོས་སུ་ང་ཚོས་རང་གི་ལུས་སེམས་ཐོན་ཁུངས་ཀྱི་ཆ་ཤས་འགའ་ཞིག་སྤྱད་ཡོད་པ་ལས་ད་དུང་རང་ལ་ཡོད་པའི་བློ་གྲོས་ཀྱི་རྩལ་ཤིན་ཏུ་མང་བོ་ཞིག་ལོ་གཅིག་བྱིས་པ་བཞིན་མལ་སའི་ནང་དུ་བསྙལ་ཡོད་པ་རེད།ང་ཚོ་རྒྱུན་པར་ཚོད་འཛིན་ནམ་བཀོ་སྒྲིག་འབའ་ཞིག་གི་འོག་ཏུ་འཚོ་བ་རེད། དེའི་སྟབས་ཀྱིས་རང་ལ་ཡོད་པའི་

བློ་གྲོས་ནུས་པ་དང་འཇོན་ཐང་ནུས་བ་སོགས་ཤེས་མེད་ཚོར་མེད་ངང་རྒུད་ཀྱིན་འདུག ༼   བེ་ལེན་ཡན་མུསི་ཡིས་ཀྱང་རང་ཉིད་ཀྱི་འཇོན་ཐང་མངོན་ཐུབ་ཀྱི་མེད་པ་འདི་ནི་མིའི་རིགས་ཡོངས་ཀྱི་གནད་དོན་ཞིག་རེད།སྙིང་ཁམས་དང་དབང་རྩ་སེམས་ཁམས་སོགས་ཀྱི་གནད་དོན་མང་པོ་ཞིག་གབ་སྦས་བྱས་པའི་རྐྱེན་གྱིས་སྐབས་འགར་མི་རྣམས་ཀྱིས་རང་ཉིད་རང་ཉིད་དུ་འཛིན་མ་ཐུབ་པ་དེ་ཡིན།   མི་ཞིག་གི་ཆེས་ཆེ་བའི་ཆག་སྒོ་ནི་རང་ཉིད་དུ་འཛིན་མ་ཐུབ་པ་ལས་བྱུང་ཞིང་།ལུས་སེམས་ཀྱི་བར་ན་རང་ཉིད་རང་གིས་རྒྱུན་བསྲིངས་བྱེད་མ་ཐུབ་པར་འབྱུང་སྲིད་ཅེས་གསུང་མྱོང་།ཕམ་ཁ་འགའ་རེའི་འགལ་རྐྱེན་འོག་ཏུ་རང་ཉིད་ཀྱི་ནུས་པར་རང་གི་ཁས་མི་ལེན་པའམ་ཐེ་ཚོམ་གྱི་འདམ་དུ་ལྷུང་སྲིད་མོད།༼ ཕམ་ཁ་ནི་རྒྱལ་ཁའི་རྩ་བ ༽ཡིན་ཞེས་པ་ལྟར་ནུས་པར་སྔོག་འདོན་དང་ཉམས་མྱོང་ལྷུར་ལེན་བྱས་ན་ད་གཟོད་དོན་

མང་པོ་ཞིག་མངོན་དུ་འགྱུར་རྒྱུའི་སྟ་གོན་དུ་འགྱུར་སྲིད།།

 མདོར་ན།  ཡིད་རྟོན་ནི་རང་ཉིད་དུ་ཤེས་པའི་རྨང་གཞི་ཡིན་

ལ་མི་ལུས་ཐོབ་པར་ར་སྤྲོད་བྱེད་སྤྱད་ཀྱི་ལག་ལེན་གལ་ཆེན་ཞིག་ཀྱང་ཡིན་པས་རང་སྐུལ་བྱེད་པ་ནི་དཔའ་བོའི་སྤྱོད་པ་ཡིན་ནོ།།

མཆན།

༼རང་གིས་རང་ལ་ཡིད་རྟོན་བྱེད་དགོས༽། (我相信我自己)

༼ཨ་མེ་རི་ཁ༽ཨེལ་པུར་ཁྲི་ཧོ་པར་ཏེས་བརྩམས། ཆབ་བྲག་གདུགས་དཀར་གྱིས་བསྒྱུར།ཀན་སུའུ་མི་རིགས་དཔེ་བསྐྲུན་ཁང་།

འཐུས་སྒོ་ཚང་བའི་བསམ་བློ།(健全的思想)

༼ཧྥ་རན་སི ༽ཧུའོ་ཨེར་པ་ཧོས་བརྩམས། རྒན་ལྷ་ཕྱུག་སྐྱིད་ཀྱིས་བསྒྱུར།

ཀན་སུའུ་མི་རིགས་དཔེ་བསྐྲུན་ཁང་།

རང་ཁ་རང་གསོ། (楊怕甲措文集)

ཐེལ་བཅུ་ཡར་འཕེལ་རྒྱ་མཚོས་བརྩམས།

ཀན་སུའུ་མི་རིགས་དཔེ་བསྐྲུན་ཁང་།

༼ རིག་གནས་སྙིང་སྟོབས ༽ (文化精神)

ཉི་གཞོན་གྱིས་བརྩམས།

ཡུན་ནན་མི་རིགས་དཔེ་སྐྲུན་ཁང་།

 
 
འཚོལ་སྟངས་ཤིག
[ 2012-10-9 16:59:23 | By: duodanjia ]
 

       

             འཚོལ་སྟངས་ཤིག

                   

སྟོད་ཀྱི་འབྲོག་ཐང་ཕྱུག་ཀྱི་ར་བ་དེར་སོང་སྟེ།།

སྨད་ཀྱི་རོང་བའི་ཞིང་ཚིགས་གྲུ་བཞི་དེར་བརྒལ་ནས་།།

བར་གྱི་འདུ་འཛིའི་ཁྲ་ཚོམ་གྲོང་ཁྱེར་དུ་ཉུལ་མཁན།།

སྙན་ངག་པ་ཚོས་ཡང་སྙིང་ཅི་ཞིག་རང་འཚོལ་དགོས།།

 

སྐད་ཆའི་བྲག་ཅ་ཕ་གིའི་རི་བོ་ལ་གཏད་དེ།།

སེམས་འགྱུའི་ང་རོ་བསྐྱི་བསེར་རླུང་བུ་དང་བསྡེབས་ནས།།

མིག་ཆུའི་བཞུར་རྒྱུན་སམ་སིམ་ཆར་བ་དང་བསྲེ་མཁན།།

སེམས་ཁུར་ལྷག་མ་བྱེད་མཁན་སྙན་ངག་པ་ཚོས་གང་འཚོལ།།

 

བདེན་པའི་ཆུ་ཐིག་ཀློང་ན་ཉམ་ཐག་གིས་འགྲེང་སྟེ།།

མཐའ་དཔྱོད་ཁབ་མིག་བུ་ག་གཟུར་གནས་ཀྱི་བཙལ་ནས།།

ཕ་མཐའི་བྱང་ལམ་ཕྲ་མོར་རྩལ་ཤུགས་ཀྱིས་སྤོ་མཁན།།

སྙན་ངག་པ་ཚོ་ཡང་སྙིང་གང་ཞིག་ཏུ་བཞུད་དགོས།།

                               

རི་མགོའི་དར་ལྕོག་རླུང་གིས་སྐྱོམ་སྟངས་དེ་འཚོལ་དགོས།།

མ་ཎི་ཡིག་དྲུག་ངག་ནས་བགྲང་སྟངས་དེ་འཚོལ་དགོས།།

ཕྲེང་བའི་བུ་ག་བསྙིག་ནས་ཟད་སྟངས་དེ་འཚོལ་དགོས།།

ཐལ་མོ་སྦྱར་ནས་ཕྱག་གི་འཚལ་སྟངས་དེ་འཚོལ་དགོས།།

 

སྦྲ་ནག་གྲུ་བཞིའི་སྒོ་དར་བསྐྱངས་ཚུལ་དེ་འཚོལ་དགོས།།

རྩིད་པ་ནག་པོའི་སྐུད་པ་སྒྲིམ་ཚུལ་དེ་འཚོལ་དགོས།།

གྲུ་གུ་རིལ་བོའི་བཀའ་འཁེལ་འཐག་ཚུལ་དེ་འཚོལ་དགོས།།

ཆུ་རྡོ་བསྒྲིག་ཏེ་ཐབ་ཀ་ཕུབ་ཚུལ་དེ་འཚོལ་དགོས།།

 

འུར་མཐིལ་གོར་མོར་ཁབ་ཀྱི་གཙག་སྟངས་དེ་འཚོལ་་དགོས།།

ཐུ་གུ་ཕྲ་མོའི་གཞུ་མོ་འགུག་སྟངས་ཏེ་འཚོལ་དགོས།།

གཡག་གོ་སྲ་བའི་འབྲང་བ་མཉེ་སྟངས་དེ་འཚོལ་དགོས།།

རྗེ་མོ་ཆེ་མ་ཆུང་གསུམ་བཟོ་སྟངས་དེ་འཚོལ་དགོས།།

 

གསོམ་དཀར་ཤིང་གི་བཞོ་ཟེའུ་བཟོ་སྟངས་དེ་འཚོལ་དགོས།།

ར་མའི་པགས་པའི་ཁོལ་མོ་རྒྱགས་སྟངས་དེ་འཚོལ་དགོས།།

རུལ་པ་སྐམ་པོའི་གླ་རྙེད་བཙུགས་ཚུལ་དེ་འཚོལ་དགོས།།

རྡོ་བ་ཆེན་པོའི་ལག་འཁོར་སྐོར་སྟངས་དེ་འཚོལ་དགོས།།

 

སྲིད་པ་རྒན་པོའི་གཏམ་གྱི་ངག་རྒྱུན་དེ་འཚོལ་དགོས།།

ཕ་མེས་རིང་ནས་བརྒྱུད་པའི་ལག་རྩལ་དེ་འཚོལ་དགོས།།

འབོར་དང་དོར་ལ་ཉེ་བའི་ཤུལ་བཞག་དེ་འཚོལ་དགོས།།

སྤྱུགས་དང་ཉམས་ལ་ཉེ་བའི་རང་རྒྱུ་དེ་འཚོལ་དགོས།།

                                  

བྲག་གི་སྲིན་མོར་ཆད་པའི་རུས་རྒྱུད་དེ་འཚོལ་དགོས།།

འབྲོང་རྐྱང་དགོ་སོགས་བཏུལ་བའི་བྱས་རྗེས་དེ་འཚོལ་དགོས།།

དམུ་ཐག་ཟམ་ལ་བརྟེན་པའི་ཐག་སྣེ་དེ་འཚོལ་དགོས།།

བདེན་དང་ལུང་གི་ལོ་རྒྱུས་ཁུག་པ་དེ་འཚོལ་དགོས།།

 

རྒྱལ་རྒྱུད་རུས་དང་ཚོ་བའི་ཡོང་ཁུངས་དེ་འཚོལ་དགོས།།

སུམ་གཉིས་ས་ཡི་དཀྱིལ་འཁོར་བཟུང་སྟངས་དེ་འཚོལ་དགོས།།

ཆོས་དང་སྲིད་ལུགས་སྦྲེལ་བའི་དགོས་པ་དེ་འཚོལ་དགོས།།

སྐད་དང་ཡི་གེ་གསར་དུ་བཟོས་ཚུལ་དེ་འཚོལ་དགོས།།

 

མི་རིགས་གཞན་ལ་འབྲེལ་བ་འཛུག་སྟངས་དེ་འཚོལ་དགོས།།

མངའ་ཁོངས་རྒྱ་ཆེའི་དར་སྤེལ་བྱས་ཚུལ་དེ་འཚོལ་དགོས།།

གཡུལ་སའི་ཁྲོད་ནས་དགྲ་བོ་བཏུལ་ཚུལ་དེ་འཚོལ་དགོས།།

འབངས་མིའི་གྲངས་ཀའི་ས་རྒྱ་བཀབས་ཚུལ་དེ་འཚོལ་དགོས།།

 

རྒྱལ་བོ་རེ་རེའི་སྲིད་ཀྱི་སྐྱོང་ལུགས་དེ་འཚོལ་དགོས།།

 མི་སེར་རེ་ནས་གསར་བརྗེ་བྱས་སྟངས་དེ་འཚོལ་དགོས།།

 འཕེལ་འགྲིབ་དར་རྒུད་དབར་གྱི་གསང་ཚིག་དེ་འཚོལ་དགོས།།

དུས་འགྱུར་རེ་རེའི་དྲག་པའི་གྲུབ་འབྲས་དེ་འཚོལ་དགོས།།

 

མཛོད་དུ་ཉར་བའི་ཡིག་ཚགས་རྣལ་མ་དེ་འཚོལ་དགོས།།

གཏེར་དུ་སྦས་པའི་དཀྱོགས་མཚམས་ལོ་ཚིག་དེ་འཚོལ་དགོས།།

ཡོད་པ་སྒྲུབ་པའི་ཡང་དག་གོ་རིམ་དེ་འཚོལ་དགོས།།

མེད་པ་སྣོན་པའི་ཞིབ་འཇུག་ལས་གཞི་དེ་འཚོལ་དགོས།།

                    

                             

ཤ་རུས་གཅིག་དུ་རློམ་པའི་ཡིད་ཆེས་དེ་འཚོལ་དགོས།།

མཐུན་སྒྲིལ་དཔུང་བ་མཉམ་གཤིབ་ལ་རྒྱ་དེ་འཚོལ་དགོས།།

ཕ་སྐད་གཙང་མ་སྨྲ་བའི་ཀུན་སློང་དེ་འཚོལ་དགོས།།

གུས་ལུགས་འཇམ་བག་ལྡན་པའི་མི་གཞི་དེ་འཚོལ་དགོས།།

 

གོམ་ཆེན་མདུན་ཏུ་གཏད་འདོད་སྤོབས་པ་དེ་འཚོལ་དགོས།།

རྗེས་ལུས་ཞྭ་མོ་དོར་བའི་བསམ་བློ་དེ་འཚོལ་དགོས།།

རྙིང་ཞེན་ཨུ་ཚུགས་གཏོར་བའི་ལྟ་གསར་དེ་འཚོལ་དགོས།།

ཞུམ་མེད་གྲོང་ངེར་འགྲེང་བའི་སྙིང་སྟོབས་དེ་འཚོལ་དགོས།།

 

རྫུན་ཚིག་དུམ་བུར་གཏུབ་ནས་བདེན་པ་དེ་འཚོལ་དགོས།།

གཡོ་སྒྱུ་རྒྱང་དུ་དོར་ནས་ཡང་དག་དེ་འཚོལ་དགོས།།

འཕྲུལ་སྣང་ལོགས་སུ་བཞག་ནས་དངོས་ཡོད་དེ་འཚོལ་དགོས།།

ལོག་རྟོག་མཐའ་རུ་བསྐོར་ནས་རྟོགས་པ་དེ་འཚོལ་དགོས།།

 

ཕྱི་གསལ་ནང་ཁོག་མཐོང་བའི་མིག་ཟུང་ཞིག་འཚོལ་དགོས།།

ཕྱི་སྒྲ་ནང་ནས་ཐོས་པའི་རྣ་བ་ཞིག་འཚོལ་དགོས།།

ཕྲ་ཞིང་གཟུ་བོར་གནས་པའི་རིག་པ་ཞིག་འཚོལ་དགོས།།

དཔེ་དང་ལུང་གིས་ཕྱུག་པའི་གནད་ཚིག་ཞིག་འཚོལ་དགོས།།

 

མི་རིགས་གཞན་ལ་ལྟ་བའི་གོམས་སྲོལ་ཞིག་འཚོལ་དགོས།།

བཟན་ངན་ལེགས་ཉེས་འདེམས་པའི་རིག་ལམ་ཞིག་འཚོལ་དགོས།།

དུས་དང་མཐུན་པའི་སྐབས་བསྟུན་ལམ་བུ་ཞིག་འཚོལ་དགོས།།

འཛམ་གླིང་རིག་པའིཇལ་བའི་གདེང་ཚོད་ཞིག་འཚོལ་དགོས།།

                                    ༢༠༡༢  ༠༣   ༠༩ཉིན་བྲིས།

 
 
སྒྲོམ་དུ་ཚུད་པའི་སྙན་ངག
[ 2012-9-26 21:24:44 | By: duodanjia ]
 
 

                 སྒྲོམ་དུ་ཚུད་པའི་སྙན་ངག

 

སྲོག་གི་འདུ་འགོད་དཀྲུགས་སའི་ས་ཆེན་གྱི་ངོས་ལ།།

གཟུ་བའི་མིག་གི་ཟུར་མདའ་རྡོག་རྡོག་ཏུ་ཕབ་སྟེ་།།

སེམས་པའི་ཕྱི་ནང་སློག་པའི་སྐད་ཆ་ཡི་བཞུར་རྒྱུན།།

མ་ལུས་ཚོར་བའི་ཀློང་ནས་ཤམ་ཤམ་དུ་འཁྲུངས་ན།།

 

སྤྲིན་པའི་མིག་ཆུ་གཏོར་སའི་ནམ་མཁའ་ཡི་ཁྱོན་དུ།།

གཟུགས་མེད་རྣམ་ཤེས་འཁྱུག་འགྲོས་ཡང་ཡང་དུ་ལྡེམ་སྟེ།།

རུས་པའི་ལྷུ་རྐང་དབར་གྱི་ཚིལ་རྐང་གི་སྙིང་གཏམ།།

སྒལ་ཚིགས་ཞེ་དགུའི་དཀྱིལ་ནས་ལྷོག་ལྷོག་ཏུ་འཕྱུར་ན།།

 

རླུང་བུའི་ང་རོ་རྩུབ་སའི་གཞིས་ཁྱིམ་གྱི་དཔལ་དུ།།

དཔྱོད་ཤེས་བློ་ཕུག་མ་བཀགས་རང་རྐྱལ་དུ་བཏང་སྟེ།།

དུངས་བའི་ཐག་པར་བརྒྱུས་པའི་མཐུན་སྒྲིལ་གྱི་རང་སྒྲ།།

ཆོ་གསུམ་རྣ་བའི་རྒྱན་དུ་གསལ་གསལ་དུ་མཆེད་ན།།

 

རེ་བའི་རྨི་ལམ་འཁོར་སའི་བྲང་ཁོག་གི་གསེབ་ཏུ།།

གློ་སྙིང་མཆིན་གསུམ་དབང་རྩ་གྲིག་གྲིག་ཏུ་སྦྲེལ་ཏེ།།

སྣང་བརྙན་གསོན་པོའི་བདེན་གཏམ་ཆད་མེད་དུ་སྒྲིག་ནས།།

སྣང་ཚུལ་དངོས་མའི་བཤམས་སྟོན་རྗེན་རྗེན་དུ་འཁྲབ་ན།།

 

ཆུ་མོའི་ང་རོ་སྒྲོག་སའི་རྫ་ཁོག་གི་འཕྲང་དུ།།

ལུས་པོའི་སྟངས་སྟབས་དྲག་པའི་ཤག་སྒྲ་ལ་བརྒྱུས་ཏེ།།

རང་དབང་ལྟད་མོ་ངོམ་སའི་མི་ཡུལ་གྱི་ཁྲོམ་ནས།།

བྲོ་གར་རྩལ་དགུའི་སྒེག་ཉམས་ལྡེམ་ལྡེམ་དུ་བསྟན་ན།།

 

རྩི་ཏོག་ཤ་གླུ་འཕོ་སའི་རྩྭ་ཐང་གི་གཞི་རུ།།

སྦྲ་གུར་ཆེ་མ་ཆུང་གི་ཐོན་ཐག་རང་སྦྲེལ་ཏེ།།

ཕོ་གཞོན་མོ་གཞོན་སྡེ་ཆེན་རྩེད་ར་རུ་འཛོམས་ནས།།

རི་གླུ་མངར་མོ་ལྷང་ལྷང་བྲག་ཅར་རང་མཆེ་ན།།

 

རླུང་རྟ་སྡེ་བཞི་སྐྱོམ་སའི་རི་མགོ་ཡི་རྩེ་རུ།།

ངག་གི་ལྷ་རྒྱལ་མ་ཆད་ལྷུག་ལྷུག་ཏུ་བརྗོད་དེ།།

སྨོན་པའི་ཁ་གཡང་བསྐྱི་བསེར་རླུང་བུ་ལྷན་དུ།།

ལམ་གྱི་ཕ་རོལ་རྒྱབ་ཏུ་སྙན་སྙན་དུ་སྒྲོག་ན།།

 

བཟོད་པའི་བྱང་ཁོག་འཁྲུངས་སའི་ཕུང་བོ་ཡི་སྟེང་།།

ལྷད་མེད་དྲང་བོའི་གཏམ་གྱི་རྒྱན་ཆ་རང་བཏགནས།།

མི་ཚེ་གཅིག་གི་དཀའ་སྡུག་ཟུང་འདུས་ཀྱི་ཉིང་ཁུ།།

མ་ལུས་ཆར་བ་བཞིན་དུ་ཤག་ཤག་ཏུ་བབས་ན།།

 

མིག་གི་གཟུགས་སུ་ཕབ་པ་ཆད་ཡོད་རང་བསྡུས་ཏེ།།

རྣ་བའི་དཔལ་དུ་སྨིན་པ་ལྷག་ཡོད་རང་དོར་ནས།།

མི་ཚེ་རིང་མོ་ཞིག་གི་གཏམ་རྒྱུད་ཀྱི་གོ་རིམ།།

མུ་འབྲེལ་ཟློས་གར་བཞིན་དུ་ཡང་ཡང་དུ་བསྟན་ན།།

                                                         ༢༠༡༢  ༠༣  ༢༥ཉིན་བྲིས།

 
 
སེམས་པའི་ཕྱི་ནང་།
[ 2012-9-23 14:46:39 | By: duodanjia ]
 

     སེམས་པའི་ཕྱི་ནང་།

གཏམ་གྱི་ངག་སྒོ་འདི་རྒྱང་ལ་གཏད་དེ།།

སེམས་ཀྱི་འཆར་སྒོ་འདི་ཕྱི་རུ་སྟོན་དུས།།

བདེན་པའི་མགོ་བོ་འདི་ལྕོག་ལྕོག་ཙམ་གྱིས།།

དོན་གྱི་འཁྲུལ་བ་འདི་རྨང་ནས་སེལ་ལམ།།

 

སྨྱུ་གེའི་རྩེ་མོ་འདི་ཤོག་ངོར་གླན་ཏེ།།

བློ་ཡི་ཐ་སྙད་འདི་རྒྱ་ཡན་གཏོང་དུས།།

སྨྱུག་རྩལ་རྣོ་དབལ་འདི་འཛོམས་འཛོམས་ཙམ་གྱིས།།

ལམ་གྱི་བདེན་པ་འདི་ཐིག་གིས་གཏུབ་བམ།།

 

ལུང་གི་རྒྱབ་རྟེན་འདི་དཔུང་དུ་ངོམ་ནས།།

བཀའ་ཡི་གདམས་ངག་འདི་དམ་དུ་འཛིན་དུས།།

དབུ་ལོ་གཉའ་བ་འདི་ལྡེམ་ལྡེམ་ཙམ་གྱིས།།

སེམས་ཀྱི་དྲ་རྒྱ་འདི་མིག་གིས་མཐོང་ངམ།།

                                                                                  ༢༠༡༢  ༠༣  ༠༥ཉིན་བྲིས།

 
 
ཕྲན་གྱི་སྙན་རྩོམ་གྱི་སྔོན་དུ་བརྗོད་པའི་གཏམ།
[ 2012-9-17 17:03:43 | By: duodanjia ]
 
 

གཟིགས་སྣང་ལམ་གྱི་འཆར་སྒོ།

            __སྔོན་འགྲོའི་ཚབ་ཏུ།

ཤེས་ཡོན་པའི་སྐད་ཆ་ཡུན་རིང་ལ་ཐོས་རྒྱུ་མེད་སོང་ཚེ།   མི་རིགས་དེ་ནི་ངེས་པར་

ཕུང་ལ། མི་རིགས་དེའི་གཞོན་ནུ་ཡར་སྐྱེས་དག་ནི་འཕུང་བ་ལས་ཀྱང་རབ་ཏུ་འཕུང་

ངེས་ན།  འཕུང་འདྲེ་དེ་ནི་སེམས་ཀྱི་གཤེད་དུ་སོང་ནས་ཁོ་བོ་ཅག་སྡོད་ཐབས་མེད་པ་

བཟོས།   དེ་དང་འབྲེལ་ནས་ནན་སེམས་དྲག་པོ་ཞིག་གིས་ཀུན་ནས་བསླངས་ཤིང་།

རིག་གནས་ཡོན་ཏན་གྱི་དབུལ་བ་ཤེས་ན་ཡང་།   འུ་ཐུག་སྟེ་རང་ཉིད་ནི་ཤེས་ཡོན་པ་

གཤའ་མ་ཞིག་ཡིན་མདོག་གིས།   སྤྱི་ཚོགས་འདིའི་རྒྱུ་འབྲས་བློ་མིག་དང་དཔྱོད་ཤེས་

ཀྱི་རྒྱ་མ་ཡིན་ཁལ་མི་བྱེད་ཀ་མེད་བྱུང་།
                         
_ཞའོ་མེན།

ཡུན་རིང་སོག་པའི་མིག་ཆུ་ལྟ་བུའི་སེམས་རྒྱུན་ཞིག་གློ་སྙིང་མཆིན་གསུམ་གྱི་

བར་ནས་ཤག་གེར་བཞུར་ཏེ་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་ལ་འཐིམས།  འོད་དུ་

འཚེར་བའི་ཤ་འདྲེས་རུས་འདྲེས་ཀྱི་བརྩེ་བ་དེའང་འུར་འུར་འཚུབ་པའི་རླུང་དམར་

དྲག་པོ་དང་བསྡེབས་ནས་ས་སྲོད་ཀྱི་རི་གྲོང་དུ་འཁྱམས། འདི་ནི་ལོ་ངོ་དུ་མ་ཞིག་གི་

རིང་ལ་ཉར་བའི་སེམས་ཀྱི་འཕར་རྩ་ལས་བརྒལ་བའི་ཚོར་བའི་ཉིང་ཁུ་སྟེ་ལྐོག་ཏུ་

མ་གྱུར་བའི་བདེན་པའི་སེམསམ་ཙམ།  དགའ་སྐྱོ་འདྲེས་མའི་འཚོ་བའི་ཟུར་ཁ་

ཞིག་ནས་རེ་ཞིག་ཞོགས་པའི་སྐྱ་རེངས་དང་འགྲོགས་ནས་༼ སྲོད་ཀྱི་སྟོན་ཆར ༽ཡང་

ཁེར་ཚུགས་དང་ཐོལ་བརྒལ། ཡིད་ཆེས་དང་སྤོབས་པ།  རེ་བ་དང་འཛུམ་མདངས་ཀྱིས་

མི་ཡུལ་གྱི་ལུང་བར་འཁྲུངས་སོང་།  དེ་བས་ཉིད་ཀྱི་དཔེ་དེབ་ སྲོད་ཀྱི་སྟོན་ཆར ༽ལ་

གཏམ་རྒྱུད་འགའ་ཡི་ཁ་ཚར་འདོགས།

གཏམ་རྒྱུད་དང་པོ།

དེ་ཡང་གནའ་སྔ་མོ་སྔ་མ་ཞིག་སྟེ། སྤྱི་ལོའི་སྔོན་གྱི་༣༩༩ལོའི་ཉིན་ཞིག་ལ། 

གནའ་བོའི་ཀེ་རི་སི་རྒྱལ་ཁབ་ཀྱི་ཨན་ཐེན་སུ་གྲོང་ཁྱེར་དུ།  མཚན་ལ་སོ་ཁུ་ར་ཐེ་

ཞེས་གསོལ་བའི་མཚན་ཉིད་རིག་པ་མཁན་ཞིག་ལ།  བླུན་རྨོངས་ཀྱི་རྒྱབ་རྩར་འགྲེངས་

བའི་སྐུ་དྲག་ཚོས་ གཞོན་ནུ་ཚོར་ངན་སྐུལ་དང་ཨ་ཐེན་སིའི་ལྷ་ལ་བརྙས་པའི

ནག་ཉེས་བསྙད་བཏགས་ནས་སྲོག་ཆད་བཅད།    ཉིན་དེར།    ཁོང་གིས་བཙོན་སྲུང་གི་

བསྐྱལ་ཡོང་བའི་དུག་ཆང་བཞེས་རྗེས་འཆི་ཁ་མ་དེ་ལ་གློ་བུར་དུ་སྐད་ངག་འཛེར་འཛེར་

གྱིས་རང་གི་སློབ་བུ་ལ་༼ཁུ་ལེ་ཐོ ང་ཚོས་ཁུ་ལེ་ཕེ་ཨོ་སུ་ལ་བྱ་ཕོ་ཞིག་བསྐྱིལ་བའི་སྐྱིན་པ་

དེ་ཅིས་ཀྱང་སྤྲོད་དགོས།བརྗེད་མི་རུངཞེས་གསུངས་རྗེས། རླབས་ཆེན་གྱི་མི་བུ་དེས་

སྤྱན་གཏན་དུ་བཙུམས།

 

ཐེངས་དང་པོར་གཏམ་རྒྱུད་ཐུང་ཐུང་འདི་ཚར་གཅིག་བཀླགས་རྗེས།ཉིད་གཏིང་

ཐའ་བྲལ་བའི་བསམ་གཞིགས་ཀྱི་ཀློང་དུ་བརྫངས་ཤིང་།སེམས་ཀྱི་ཚོར་ཤེས་རྣམ་པ

དྲུག་ཏུ་གཡོས་བྱུང་།དོན་དམ་གྱི་ཤེས་ཡོན་པ་དང་རླབས་ཆེན་གྱི་མི་གཞི་ཟེར་བ་ཅི་

ལྟ་བུ་ཞིག་ལ་གོ་དགོས་ཟེར་ན།དགུང་ལོ་བདུན་ཅུར་སོན་པའི་བགྲེས་པོ་འདིའི་འཆི་ཁའི་

སྐད་ཆ་ཚིག་གཅིག་གིས་ཡོད་ཚད་ལན་གསལ་བོ་ཞིག་སྦྱིན་འདུག བདག་གི་བསམ་པར།

ཡོན་ཏན་པ་གཤའ་མ་ཡིན་ཞིག་ཚེ། མི་གཞི་ལྷད་མེད་ཅིག་དགོས་པ་འདི་ཐམས་ཅད་

ཀྱི་རྨང་དང་ཡོད་ཚད་ཀྱི་གཞི་ཡིན་པར་སེམས་སོ།

གཏམ་རྒྱུད་གཉིས་པ།

རྒན་མ་ཧི་ཏི་ལི་ནི་ཁ་ན་ཏའི་ཧྲ་ཁ་ཆི་བིན་གྲོང་ཁྱེར་(加拿大紗卡契文市) དུ་བསྡད་ཡོད།

སྤྲོ་སྣང་ལྡན་པའི་ཁྱིམ་བདག་མ་ཞིག་ཡིན། ཁོ་མོ་ཉིན་ཞིག་ཕྱིར་ཁྱིམ་དུ་་ལོག་པའི་ལམ་དུ་

སེམས་ཆུང་མ་བྱས་པར་དོང་ཆེན་པོ་ཞིག་གི་ནང་དུ་ལྷུང་སོང་།བསམ་ཡུལ་ལས་འདས་པའི་

དོན་རྐྱེན་སྐྱི་གཡའ་བ་དེ་མ་བྱུང་སྔོན་དུ་ཁོ་མོའི་འཚོ་བ་བདེ་ཞིང་སྐྱིད་པ་རེད།

དང་ཐོག་ཚང་མའི་སེམས་སུ་རྒན་མོ་ཧི་ཏི་ལིའི་སྒལ་ཚིགས་རུས་པར་གས་ཆད་བྱུ

ང་བར་བསམ། ཡིན་ན་ཡང་རྗེས་སུ་སྨན་པས་ཁོ་མོ་ལ། སྒལ་ཚིགས་རུས་པར་གས་ཆ

ད་བྱུང་ཞིང་རུས་པའི་ངོས་སུ་བརྡར་རྨས་ཕོག་སྟེ་ཚེར་གཟུགས་ཅན་ཏུ་གྱུར་ཡོད་ལ

།མལ་ཁྲིའི་སྟེང་དུ་སྨན་གསོ་གཟའ་འཁོར་གསུམ་གྱི་རིང་ལ་བྱེད་དགོས་ཞེས་ཁ་ཏ་བྱེད་

བཞིན།ད་དུང་ཁོ་མོའི་སྒལ་ཚིགས་རུས་པར་ཚབས་ཆེ་བའི་མཁྲེགས་རིངས་ཀྱི་ཚུལ

ང་འདུག་པས་ཧ་ལམ་ལོ་ཟླ་དྲུག་གི་རྗེས་སུ་ལུས་ཡོངས་འགུལ་རྒྱུ་མེད་པ་རེད་

ཅེས་གནས་ཚུལ་ངན་པ་ཞིག་ཀྱང་བཤད།རྒན་མོ་ཧི་ཏི་ལིས་སྐབས་དེའི་རང་གི་

སེམས་ཁམས་བརྗོད་དུས་ན་རེ།༼ང་རང་ཧ་ལས་སོང་༽སྔོན་ཆད་ང་རང་རྩེད་དགའ་

ཆེ་ཞིང་མི་བདེ་བ་ཞིག་ལ་འཕྲད་མ་མྱོང་།ཡིན་ན་ཡང་ད་ལྟ་བཀྲ་མི་ཤིས་པའི་ཆག་སྒོ་

བྱུང་ཟིན་པ་རེད།མལ་ཁྲིར་ནད་ ་གསའི་དུས་ཚོད་དེ་གཟའ་འཁོར་གསུམ་ནས་གཟའ་

ཁོར་བཞི་ལ་བསྲིངས་ཞིང་དེ་ནས་གཟའ་འཁོར་ལྔ་དང་དྲུག་པ།སྐབས་དེར་ངའི་སྤོབས་པ་

དང་སྤྲོ་སྣང་ཐམས་ཅད་མངོན་མེད་དུ་ཡལ་ཟིན། དེའི་ཚབ་ཏུ་ཐོན་པ་ནི་མཐའ་མེད་པའི་

འཇིགས་སྐྲག་ཅིག་སྟེ།ངའི་སེམས་འབའ་ཞིག་བརྣགས་པ་ནི་རང་ཉིད་ཉིན་རེ་ལས་

ཉིན་རེ་ཉམས་རྒུད་དུ་འགྲོ་བ་དེ་རེད།  ༼ ནང་མོ་ཞིག་ལ་ང་རང་གཉིད་ལས་སད་པར།

རང་ཉིད་ཀྱི་སེམས་ཁམས་ཆུ་ཤེལ་བཞིན་དྭངས་ཤིང་གསལ་བ་ཞིག་རེད།

ངས་རང་ཉིད་ལ་ལོ་ལྔའི་དུས་ཡུན་ནི་ཐུང་རྒྱུ་མེད་དེ་བྱ་བ་མང་པོ་ཞིག་བསྒྲུབས་ཏེ་

ཁྱིམ་ཚང་ལ་རོགས་རམ་བྱ་ཆོག ༽་ཅེས་བཤད་པ་དང་།དགོས་དོན་མང་པ་མ་དྲན་པར་

མུ་མཐུད་དུ་སྨན་བཅོས་བྱེད་པ་དང་།གནད་དོན་ལས་ཐར་བའི་ཆོད་སེམས་ལྡན་

པར་གྱུར་ན་རང་ཉིད་ཀྱི་གནས་ཚུལ་ཇེ་ལེགས་སུ་འགྱུར་ཡང་སྲིད།ངས་འབད་པ

་ཅི་ཡང་མ་བྱས་པར་མགོ་སྒུར་མི་འདོད་པས། ངེས་པར་དུ་དཔའ་ངར་ཆེར་སྐྱེད་

དགོས་མདུན་སྐྱོད་བྱེད་དགོས་ཞེས་བཤད།ང་ལ་འདི་ལྟར་རང་རྟོན་ཡོད་ཅིང་མྱུར་ཏུ་

བྱས་རྗེས་འཇོགརྒྱུའི་ཆོད་སེམས་ཤིག་ཀྱང་བཞག་པས་འཇིགས་སྐྲག་དང་ཤུགས་མེད་

ཀྱི་སྣང་བ་དེ་འཕྲལ་མ་མྱུར་ཏུ་དབྱིངས་སུ་ཡལ་སོང་བ་རེད།ང་མལ་ཁྲི་ལས་ཡ

ལངས་ཤིང་མྱུར་དུ་འཚོ་བ་གསར་བ་ཞིག་གི་འགོ་བརྩམ་རྒྱུ་བྱས།ངས་མདུན་སྐྱོད

ཅེས་པའི་ཚིག་འབྲུ་དེ་གཉིས་གདམས་ངག་ཏུ་བཟུང་སྟེ་དུས་དང་རྣམ་པ་

ཀུན་ཏུ་གསལ་འདེབས་བྱས།

 

འདི་ནི་ལོ་ལྔ་དང་ཕྱེད་ཀའི་སྔོན་ཀྱི་གནས་ཚུལ་ཞིག་རེད།ད་ལྟ་ངས་ཀྱང་ཡང་བསྐྱར

་ལུས་ཕུང་བརྟག་དཔྱད་བྱེད་དུ་བཅུག་པར། སྨན་པས་བལྟས་ན།ངའི་སྒལ་ཚིགས་

རུས་པའི་གནས་ཚུལ་བཟང་ཞིང་ད་དུང་ལོ་ལྔ་ལ་རྒྱུན་འཁྱོངས་བྱེད་ཐུབ་པ་འདྲ་བར་སྣང་།

སྨན་པས་ང་ལ་རང་སེམས་བག་ཕེབས་རྒྱུན་འཁྱོངས་བྱེད་རྒྱུ་དང་ཚེ་སྲོག

་ལ་སྤྲོ་སྣང་ལྡན་དགོས་པར་མ་ཟད་མུ་མཐུད་དུ་མདུན་སྐྱོད་གྱིས་ཟེར།དེ་ནི་ཡིད་ཆེས་

བསམ་པ་ཞིག་ཀྱང་ཡིན། ངའི་ལུས་སེམས་ཀྱི་ཤ་རྒྱུས་ལ་འགུལ་རྒྱུ་མེད་པར་མ་

གྱུར་བར་དུ་ང་རང་མུ་མཐུན་དུ་མདུན་སྐྱོད་བྱེད་ངེས་ཡིན་ཞེས་བཤད།

རྒན་མོ་ཧི་ཏི་ལི་ཡང་དངོས་གནས་མི་སེམས་ལ་སྐུལ་མ་གཏོང་བའི་བདེན་

དཔང་གི་དཔེར་བརྗོད་གཞན་ཞིག་རེད། ཁོ་མོའི་དོན་འཁྱོངས་བ་ནི་ཡིད་ཆས་བསམ་པ་ལས་

བྱུང་ཡིད་ཆེས་བསམ་པ་དེ་གཞིར་བཟུང་ནས་བྱ་སྤྱོད་དུ་བསྒྱུར་བ་རེད།

ངོ་མ། ཡིད་ཆེས་བསམ་པ་འབའ་ཞིག་གིས་ང་ནི་འཚར་ལོངས་འབྱུང་དུ་འཇུག་

མི་ཐུབ་མོད། དད་མོས་ཀྱི་བཟང་ཆ་ནི་སྤོབས་པ་བསྐྱེད་ཅིང་། ང་ཚོས་ཉམས་ཚོད་

དང་ལེན་བྱས་པའི་སྐབས་སུ་དཔའ་ཞུམ་ཕྱི་ནུར་བརྒྱག་ཏུ་མི་འཇུག་པ་དེ་རེད།

ང་ཚོས་ཡིད་ཆེས་བསམ་པའི་རྨང་གཞི་ལ་བརྟེན་ཏེ།ཡོད་ཚད་བྱ་བ་སྤྱོད་དུ་བསྒྱུར་ན་

མ་གཏོགས་གནས་ལུགས་དང་རྩ་དོན་གང་ཞིག་ཡིན་ཡང་བེད་སྤྱོད་བྱས་ན་དགོས་

མཁོ་མེད་དོ། ང་ཚོ་བརྟན་ཅིང་བརླིང་བའི་ཡིད་ཆེས་བསམ་པ་ཞིག་ཡོད་པར་གྱུར་ཚེ།

ངེས་པར་དུ་དེ་བྱ་སྤྱོད་དུ་བསྒྱུར་དགོས།

གཏམ་རྒྱུད་གསུམ་པ།

ལི་ཐོ་ནི་ཡིས་ནེ་ཧྭ་ཏ་ཀྲིག་དཔོ་ཕུ(內華達州胡ཆུ་མཛོད་ཀྱི་བཟོ་སྐྲུན་འགན་བླངས་པ

འི་སྐབས་སུ། སྲ་ཞིང་མཁྲེགས་པའི་ཕ་བོང་ཆེན་པོར་ཐུག་སྟེ་བཟོ་སྐྲུན་བྱེད་པར་བར་ཆད་བྱུ

ང་ལ། ལས་ཀའི་གྲོན་དངུལ་དེ་སྔོན་རྩིས་ལས་མང་དྲགས་པའི་མ་རྩ་རྡིབ་སྟེ་ཕམ་སོང་བར་

དྲིལ་སྒྲོགས་བྱས་པ་རེད། ཆེས་ཡི་ཐང་ཆད་པའི་སྐབས་སུ་ཁོས་རང་གི་གྱོང་ལ་བསམ་མནོ་

མི་གཏོང་བར་གསོལ་འདེབས་བྱས། ལི་ཐོ་ནོ་ན་རེ། ༼ང་ལ་ཆེས་ཆེ་བའི་མ་རྩ་རྙེད་དགོས་

ཁུ་སུམ་མེའི་གཉེན་གྲོགས་ལགས། ང་ལ་ད་དུང་བདེ་ཐང་ལྡན་པའི་ལུས་ཕུང་ཞིག་

དང་ལག་པ་གཉིས། བསམ་བློ་གཏོང་ཤེས་པའི་ཀླད་པ་ཞིག་ཀྱང་ཡོད་པས། ཡོད་ཚད་

ཡང་བསྐྱར་འགོ་བརྩམས་ཆོག ༽ཟེར།

ལི་ཐོ་ནོ་ཡིས་རྒྱལ་ཁའི་ངང་ཕ་བོང་ཆེན་པོ་སྒུལ་སྤོར་བྱེད་པའི་ལྗིད་འདེགས་སྒྲིག་ཆས་

ཤིག་ཇུས་འགོད་བྱས་རྗེས།    རྒྱུན་པར་ས་ཕྱོགས་སོ་སོར་སོང་སྟེ་གཏམ་བཤད་མཛད་

པ་དང་ ༼གནམ་བདག་གཉེན་གྲོགས་སུ་བསྟེན་ན་ཤིན་ཏུ་ལེགས༽ པའི་དད་མོས་

ཡང་རྒྱ་ཆེར་བསྒྲགས་སོ།།

སྨྲས་པ།

ལས་ཀྱི་བགོས་བའི་ཕུང་བོ་གཟུགས་ལྡན་གྱི་ལང་ཚོ།།

སྐྱེས་བའི་ཡུལ་དེ་གངས་རིའི་ཞིང་ཁམས་སུ་སྣང་བས།།

བློ་དང་རྩལ་ལས་བྱུང་བའི་མི་ཡུལ་གྱིཟས་རིན།།

ཕུལ་བར་འོས་སམ་དཔྱོད་ལྡན་ཀློག་པ་པོ་སོམས་ཤིག།

མིག་གིས་མཐོང་ཚད་རྣ་ཡིས་ཐོས་ཚད་ཀྱི་གཏམ་དང་།།

རིག་པས་ཇལ་ཚད་བསམ་པའི་འཁྱེར་སོ་ཡི་བློ་སོགས།།

ངལ་བའི་རྔུལ་ཆུར་བརྒྱུས་ཤིང་ཤོག་ངོ་རང་ཕབ་པར།།

ཕན་མེད་སྙིགས་སུ་རློམ་མམ་དམ་པ་ཚོས་དཔྱོད་དང་།།

ཕན་དང་རེ་སྙེག་མ་འོངས་སྤྱི་ཚོགས་ཀྱི་འབྱུང་འགྱུར།།

སྤྱོད་དང་ལུགས་མཐུན་ད་ལྟའི་སྐབས་བབས་ཀྱི་གནད་དོན།།

ཚིག་ཉུང་དོན་བསྡུས་ཤ་ཚའི་སེམས་གཏམ་གྱི་ཚུལ་དུ།།

བརྗོད་པ་འགྲིག་གམ་ཡུན་དུ་བསམ་བློ་རེ་ཐོངས་ཤིག།

བདེན་པའི་ལུང་དང་རིག་པའི་དཔྱད་པ་ལ་འབད་ཅིང་།།

ངན་པའི་རྫུན་དང་བཙན་པོའི་བཀའ་ཆད་སོགས་དོར་ཏེ།།

སྒྲོ་སྐུར་སྤངས་པའི་སྙན་ཚིག་ཐར་ཐོར་རང་སྤེལབར།།

འོས་པའི་ལུགས་དང་མཐུན་ནམ་དྲང་གཏམ་ཞིག་བརྗོད་དང་།།

མི་ཡི་རྩིས་ཐང་འདྲ་མཉམ་ཐོབ་ཐང་རེ་གླེང་ཤིང་།།

རང་བདག་རང་གཉེར་རང་ས་རང་ཡུལ་གྱི་ཀློང་དུ།།

རང་ཡིག་རང་སྐད་བཀོལ་བའི་དེབ་ཆུང་འདི་སྤེལ་བར།།

གོང་མའི་སྲིད་དང་མཐུནནམ་ཁྲིམས་དཔོན་ཚོས་གཟིགས་དང་།།

ཕན་མེད་འབྲས་མེད་ཤོག་སྐྱ་རླུང་བུ་ལ་མི་སྐུར།།

རྐྱེན་མེད་རྒྱུ་མེད་ས་བོན་བྱེ་ཐང་དུ་མི་གཏོ།།

རྒྱུ་འབྲས་འོད་དུ་འཚེར་བའི་མེ་ལོང་གི་འཁྱུག་རིས།།

སེམས་ལ་འཐོར་ཞིང་གཟུགས་བརྙན་གསལ་གསལ་དུ་སྣང་ངོ།།

བཙན་པོར་ངོ་དགའི་འུད་བརྗོད་བསྟོད་ཚིག་ནི་དབེན་ཞིང་།།

གཉོམ་པོར་འཕྱ་བའི་སྐུར་འདེབས་དམའ་འབེབས་སོགས་དོར་བའི།།

རྒྱུ་འབྲས་ཚད་དང་རན་པའི་དྲང་བདེན་གྱི་རྒྱ་ཆེན།།

ལག་པའི་བཏེགས་ཤིང་རྒྱ་མིག་དྲང་དྲང་དུ་གནས་སོ།།

ཕ་ས་གངས་རིའི་ཡུལ་གྱི་ལམ་ཆེན་དུ་བརྒལ་ནས།།

ཕ་ཡིག་རང་བྱོན་གསེར་གྱི་ནོར་བུ་རང་བསྣམས་ཏེ།།

བརྩེ་བ་འོད་དུ་འཁྱིལ་བའི་ལམ་སྟོན་གྱི་སྒྲོན་མེ།།

དྲག་ཏུ་མཆེད་ཅིང་འོད་སྣང་ལམ་ལམ་དུ་འདུག་གོ།

ས་རིག་ཐང་མར་བརྡལ་བའི་སྐྱེད་ཚལ་གྱི་ཀློང་དུ།།

བློ་རིག་བུང་བ་གཞུན་ནུའི་སྐད་སྙན་ནི་སྒྲོགས་ཤིང་།།

ཤེས་བྱ་མཁའ་ལ་འཕྱོ་བའི་རླབས་ཕྲེང་གི་ཟེགས་མ།།

མདུན་ན་འཐོར་ཞིང་རླབས་སྒྲ་ཤིག་ཤིག་ཏུ་གསལ་ལོ།།

ཡུལ་གྱི་སྤྱི་དོན་དམངས་ཀྱི་བདེ་སྡུག་དེར་བསམ་ནས།།

སྡུག་པའི་ང་རོ་བདེན་པའི་ཨ་ལུང་དུ་འཇུས་ཤིང་།།

བདེན་རྫུན་གོ་རིམ་ལྡོག་པའི་དབྱེ་མཚམས་ནས་འགྲེང་སྟེ།།

དྲང་གཏམ་བརྗོད་པའི་སེམས་ཀྱི་སྤོབས་པ་དེ་མི་འགྱུར།།

གནོད་སེམས་བརྣབ་སེམས་རྫུན་དང་ཕྲ་མ་དེར་མི་དགའ།།

ཆེ་འདོད་ཐོབ་འདོད་མཚན་དང་སྙན་གྲགས་དེར་མི་བསམ།།

ཡིན་ཡང་སྙན་ཚིག་ཐན་ཐུན་སེམས་ནས་རང་སྤེལ་རྒྱུ།།

ཆུང་ངུའི་དུས་ནས་ལོབས་ཤིང་རང་གཤིས་སུ་གྲུབ་འདུག།

མི་ཡི་རང་དབང་ཚུལ་མཐུན་གནས་ལུགས་ལ་དགའ་ཞིང་།།

ཚུལ་མིན་སྤྱོད་པ་བཙན་པོའི་བཀའ་ལུང་དེར་སྡང་བས།།

ལྐོག་ནས་གཡོ་དང་རྫུན་གྱི་ང་རོ་རང་སྤེལ་ན།།

ཀུན་གྱི་སྙན་དུ་སྒྲོན་རྒྱུའི་སྙིང་སྟོབས་དེ་ལྡན་ནོ།།

དགའ་སྐྱོ་འདྲེས་མའི་མུ་འབྲེལ་ལུས་ག་གི་ཟློས་གར།།

མི་ཡི་ཡུལ་ནས་འཁྲབ་ཅིང་ལྟད་མོ་ང་ངོམ་སྟེ།།

མྱི་ཁའི་ཀློང་ནས་བརྒལ་བའི་གཏམ་རིང་གི་མདུད་པ།།

ལྕེ་ཡི་རྩེ་ནས་གྲོལ་ཞིང་སྙན་སྙན་དུ་བསྒྲགས་སོ།།

བདེ་བའི་ངལ་དང་དལ་བའི་ཁོམ་ལོང་གི་དབུས་དང་།།

ཉིན་མོའི་ཟས་མཚམས་མཚན་མོའི་ཞག་སྒྲོན་གྱི་ཁྲོད་ནས།།

སྤེལ་བའི་སྙན་དེབ་ཀུན་གྱི་སྤྱན་ལམ་དུ་ཕུལ་བར།།

ངལ་བར་བར་ཆད་བཟོས་པར་འཐོལ་ལོ་རང་ཤག་གོ

 
 
ཕྲན་གྱི་སྙན་དེབ་གཉིས་པ་སྒོར་ཐོན་ཡོད།
[ 2012-9-16 10:36:27 | By: duodanjia ]
 
 

                  ཕྲན་གྱི་སྙན་དེབ་གཉིས་པ་སྒོར་ཐོན་ཡོད།

       ཕྲན་ནས་སློབ་ཆེན་གྱི་སློབ་གསེང་བར་ནས་བྲིས་པའི་སྙན་དེབ་གཉིས་པ་

༼ སྲོད་ཀྱི་སྟོན་ཆར ༽ཞེས་པ་པར་བསྐྲུན་ལེགས་འགྲུབ་བྱུང་ནས་ད་ལྟ་དངོས་སུ་

ས་གནས་སོ་སོར་བཀྲམ་ཡོད།

 

 

 

 

 
 
དུས་ཀྱི་ཁ་དོག
[ 2012-9-16 10:31:49 | By: duodanjia ]
 

                        དུས་ཀྱི་ཁ་དོག

གློ་བུར་ལྡང་བའི་སྤྲིན་པ་ནག་པོས།།

ས་གཞིའི་ཁྱོན་ལ་གཟུགས་རིས་ཕབ་དུས།།

ཨ་སྔོན་དབྱིངས་ན་འཁྱིལ་བའི་མིག་ཆུ།།

མ་ཤོང་ས་རུ་གཏོར་རྒྱུའི་སྔ་ལྟས།།

 

ཡ་གིའི་ཉག་ག་སྨུག་པ་བཏུམས་ཏེ།།

མ་གིའི་འདྲེས་མདོ་འཇའ་སྣེ་བཟུང་བ།།

དབྱིབས་དང་ཁ་དོག་སྣ་ཚོགས་སྡེབ་ནས།།

བློ་ནས་འཁྲུངས་པའི་སྒྱུ་རྩལ་རི་མོ།།

 

ལོ་མའི་གུར་སྒོ་རྒྱང་དུ་བརྐྱངས་པ།།

ཆུང་ཆུང་གཡུ་སྦྲང་བསུས་པ་མིན་ཡང་།།

མི་མངོན་ལྷོད་ཀྱིས་ལྡང་བའི་རླུང་བུས།།

གནས་སའི་ཁ་དོག་ཅིག་གེར་ཕྱེས་ཐལ།།

 

ད་ནི་མ་བསྡད་དྲན་པ་བསྡུས་ནས།།

མིག་གི་གཟུགས་རིས་ཕྱི་རུ་སྟོན་དུས།།

དཀར་ནག་འདྲེས་མའི་འོད་ཀྱི་ཚོམ་བུས།།

གཡས་དང་གཡོན་ནས་ལག་བརྡ་གནང་བྱུང་།།

 

རྒྱང་རིང་ཡུལ་ནས་མཆེད་པའི་སྒྲ་དེར།།

སུ་དང་གང་གིས་རྣ་བ་མ་གཡར།།

བློ་སེམས་སྒོ་མོ་ཡོངས་སུ་བསྡུས་ཏེ།།

རྣམ་ཤེས་སྐད་ཉན་ཕོ་ཉར་མངགས་སོང་།།

 

དུས་ཀྱིས་བསྐྱལ་བའི་གོ་རིམ་སྣ་ཚོགས།།

རླུང་གིས་དེད་པའི་བ་སྤུ་ཉག་ཅིག།

གཏོང་ཕོད་སེམས་རྒྱ་ཆེས་ཆེར་ཕྱེས་ནས།།

སྦྱིན་པའི་ས་བོན་གླིང་ལ་གཏོར་སོང་།།

 

འོད་ཀྱི་རྡོག་འཕྲོ་འབའ་ཞིག་སྙེག་ནས།།

སེམས་ཀྱི་ཁ་དོག་དྲོད་ལ་གླན་ཡང་།།

ལས་ཀྱིས་བསྐྱལ་བའི་ལྡོག་ལམ་རི་མོས།།

སྲོག་གི་སྣང་བརྙན་གཟུགས་སུ་ཕབ་སྲིད།།

 

ངག་ནས་མཆེད་པའི་སྐད་སྒྲ་འཛར་འཛེར།།

མ་རུང་ཟོལ་སྟོན་གྲས་སུ་བགྲངས་ཡང་།།

དུས་ཀྱི་ཁ་དོག་དཀར་དམར་ལྗང་སེར།།

ཆར་ཤུལ་འཁྲུལ་སྟོན་འཇའ་རུ་འཐིམས་སོང་།།

           ༢༠༡༢  ༠༥  ༠༤ཉིན་བྲིས།

 

 
 
ས་སྲོད་ཀྱི་ཉན་སྒུག
[ 2012-9-12 14:52:24 | By: duodanjia ]
 
 

     ས་སྲོད་ཀྱི་ཉན་སྒུག

ཤ་བ་རྩྭ་གཟན་མིག་ཟུང་བགྲད་ཅིང་རྣ་བ་ཀེར་ཀེར་མདུན་དུ་མཆོང་།།

ཝ་མོ་ཆུ་འཐུང་བྲེལ་ཤ་དོད་པའི་སྒལ་བ་ཉག་གེར་ཁུང་དུ་འཛུལ།།

ལུག་ཁྱུ་ཚོམ་བུའི་འབའ་སྒྲ་སིང་ངེར་རི་ཡི་འདབས་ལ་ལྷོད་ཀྱིས་ཞོགས།།

ད་ནི་རྔོན་པ་བོའུ་ཁུར་ཐོན་ནམ་ཡ་ཆུང་སེམས་འདི་དོགས་པ་མནར།།

 

སྤྲིན་པ་ཚོམ་བུའི་འདབ་མ་ལྷབ་ལྷུབ་ཉི་ཟླའི་གླིང་ལ་ལྷོད་ཀྱིས་བབས།།

རླུང་བུ་འཇམ་པོའི་སིལ་སྒྲ་ཤག་གེར་སྡོང་ལོའི་སྟེང་ལ་ཀྱི་ལེར་འཁྲུངས།།

མེ་ཏོག་དཀར་དམར་མགོ་ལྕོག་ལྡེམ་མེར་ཆུ་བོའི་འགྲམ་ནས་གར་དུ་རོལ།།

ད་ནི་རེ་བའི་དབྱར་ཟླར་སླེབས་སམ་ཕྲ་མོའི་བློ་འདི་རྨོངས་བ་མནར།།

 

དར་ལྩོག་ཤིག་ཤིག་རི་བོའི་རྩེ་ནས་གཡོ་སྐྱོམ་སྟོང་གི་ལས་ལ་བྲེལ།།

བསང་དོ་ལྷོག་ལྷོག་སྡེ་ཡི་དཀྱིལ་ནས་སྐྱི་བསེར་རླུང་དང་ཁད་ཀྱིས་འདྲེས།།

མཆོད་མེ་ལྷེམ་ལྷེམ་ཁ་ཚུབ་བར་ནས་མིག་གི་དཔལ་དུ་ལྷུན་གྱིས་གྲུབ།།

ད་ནི་འཇགས་པའི་མཚན་མོར་སླེབས་སམ་ཁྲ་ཆུང་མིག་འདི་འཁྲུལ་བའི་མནར།།

 

ཉན་གྱིན་ཉན་གྱིན་རྣ་བའི་རྒྱན་དུ་སྙན་པའི་སྒྲ་ཞིག་དཀྲོལ་བ་འདྲ།།

བལྟས་ཀྱིན་བལྟས་ཀྱིན་མིག་གི་དཔལ་དུ་བསྟར་མའི་སྡེ་ཞིག་ཆགས་པ་འདྲ།།

སྒོམ་གྱིན་སྒོམ་གྱིན་ཡངས་བའི་སྤང་ནས་སྨུག་རྒྱུའི་སྟངས་སྟབས་ངོམ་པ་འདྲ།།

ད་ནི་ཅིས་ཀྱང་དྲན་པ་བསྡུས་ནས་བདེན་པའི་ལམ་ཞིག་འཚོལ་བར་བྲེལ།།

 

སོང་གིན་སོང་གིན་རྐང་བའི་མགོ་ལ་དམ་པོའི་སྒྲོག་གིསབཅིངས་པ་འདྲ།།

བསྡད་ཀྱིན་བསྡད་ཀྱིན་འཕོང་ཚོའི་སྟེང་ལ་ཚ་བའི་ལྕག་གིས་བྲ་པ་འདྲ།།

བསམ་གྱིན་བསམ་གྱིན་བྱང་ལམ་ཕྲ་མོ་ཡར་དཀྱོགས་མར་འདྲེས་བསྣོལ་མཚམས་ཏེ།།

ད་ནི་ཅིས་ཀྱང་མདུན་ནས་མདུན་དུ་གོམ་པ་དང་པོ་སྤོ་དགོས་ཨང་།།

 

གནམ་ས་གཉིས་ཀྱི་བར་གླེག་དེ་རུ་བདེ་བའི་ཟམ་ཞིག་བསྐྲུན་དགོས་སམ།།

མདུན་རྒྱབ་གཉིས་ཀྱི་ཁུག་སོ་དེ་རུ་སྤོབས་པས་ལམ་ཞིག་དབྱེ་དགོས་སམ།།

དཀར་དམར་གཉིས་ཀྱི་ཁ་དོག་སྟེང་ལ་ལྷག་མའི་ཚོན་ཞིག་བྱུག་དགོས་སམ།།

ད་ནི་ཅིས་ཀྱང་རིག་པ་ཞིབ་མོས་རྨོངས་བའི་བློ་འདི་དཀྲོལ་དགོས་ཨང་།།

 

སྲོད་ཁའི་ཉི་ནུབ་མིག་གིས་འཚོས་ཏེ་རེ་བ་རྒྱང་ལ་སྐུར་དགོས་སམ།།

སྐར་མའི་གྲངས་ཀ་བློ་ནས་བགྲང་སྟེ་བསམ་གཞིག་རླུང་དང་སྡེབ་དགོས་སམ།།

ཞོགས་པའི་ཉི་གཞོན་འོད་དང་འགྲོགས་ཏེ་ལང་ཚོའི་སྟངས་སྟབས་ངོ་དགོས་སམ།།

ད་ནི་ཅིས་ཀྱང་རང་ཚུགས་བརྟན་མོའི་ཐེ་ཚོམ་རྒྱ་དེ་གཏོར་དགོས་ཨང་།།

 

རབ་རུབ་སྣང་བའི་ཐོ་ཅོར་དེའི་སྟེང་མིག་ཟུང་ཅེར་ཅེར་ཕབ་དགོས་ཨང་།།

ཆད་ཆོད་མཆེད་པའི་ཤ་སྒྲ་དེ་ལ་རྣ་བས་ཀྱོར་ཀྱོར་ཉན་དགོས་ཨང་།།

མོག་པོར་འཁྲུལ་བའི་ས་སྲོད་དེ་ནས་བསམ་གཞིག་སྒོ་མོ་ཡོངས་བསྡུས་ཏེ།།

ད་ནི་ཅིས་ཀྱང་བདེན་པ་ལྷུག་གེར་དོགས་པའི་རྒྱ་འདི་བསེད་དགོས་ཨང་།།

                                                           ༢༠༡༢   ༠༥  ༠༣ཉིན་བྲིས།

 
 
ཆེས་རྙིང་ཞེན་གྱི་རིག་སྟོབས་རོལ་རྩེད།
[ 2012-7-2 18:48:11 | By: duodanjia ]
 
                                            ཆེས་རྙིང་ཞེན་གྱི་རིག་སྟོབས་རོལ་རྩེད། ༼ བྱིས་སྒྲུང་༽

                                               རི་ཕྱོར་སྟོབས་ལྡན་རྒྱལ་གྱིས་བསྒྱུར།

  ཨ་ཕས་ཆེས་རྙིང་ཞེན་གྱི་རིག་ལམ་ཞིག་བཀོལ་ཏེ་རང་ཉིད་ཀྱི་བུ་ཆུང་གི་ཤེས་རབ་ལ་ཚོད་རྒྱུགས་ཤིག་བླངས།  ཅོག་ཙེ་གཅིག་ལ་ཟུར་བཞི་ཡོད། ཟུར་གཅིག་གཏུབ་རྗེས་ཤུལ་ན་དུ་ཡོད།   གསུམ་ཡོད་ཅེས་བུ་ཆུང་གིས་འདང་རྒྱག་ཅི་ཡང་མེད་པར་ལན་བཏབ།   ཕ་ལགས་འཛུམ་དམུལ་དམུལ་གྱིས་ངོ་མ་ཟེར་བ་ཡིན་ནམ། ནོར་སོང་། ལྔ་ཡོད་ན་འགྲིག  བུ་ཆུང་གིས་ཆོད་སེམས་བརྟན་པོའི་རང་ཉིད་ཀྱི་རྩིས་གྲངས་གཞུང་ལུགས་དེ་སྲུང་ནས་བཞི་ལས་གཅིག་འཐེན་ན་གསུམ་ཡིན་ཟེར།  ཕ་ལགས་ཀྱིས།  དབྱིབས་གྲུ་བཞི་ཁ་གང་ཅན་གྱི་ཤོག་ལེབ་ཅིག་ཁྱེར་ཡོང་དེ་ཁེ་གྲིས་ཟུར་གཅིག་དྲས་རྗེས་བཤད་རྒྱུར།   གལ་ཏེ།   འདི་ནི་ཅོག་ཙེ་ཞིག་ཡིན་པའི་དབང་དུ་བཏང་ན།  ད་ཁྱོད་ཀྱིས་རྩིས་དང་ཟུར་ག་ཚོད་ཡོད།     བུ་ཆུང་སྤྱང་གྲུང་ལྡན་པ་དེས་གདོང་ལ་

འཛུམ་ཞིག་མངོན་བཞིན། རེད།  དེ་འདྲ་བྱས་ན་ལྔ་རེད། འོན་ཀྱང་། ངས་ཅིའི་ཕྱིར་འདི་ལྟར་འདྲ་དགོས་སམ།དེ་ལྟར་བཤད་ཞོར་ཕའི་ལག་གི་ཁེ་གྲི་དང་ཅོག་ཙེ་ཚུར་བླངས་ནས་ཤོག་བུ་དེ་ཅོག་ཙེའི་ངོས་ལ་སྙོམས་པོར་བསྣད་ནས་མཚུངས་ཟུར་དེ་དྲིས་ནས་བཞག་རྗེས་འདྲི་རྒྱུར། འདི་འདྲ་བྱས་ན། ད་གཟོད་ཟུར་གསུམ་མ་ཡིན་ནམ། ཕས་ཕྱིར་ལན་དུ། ཡག་པོ་རེད།  བསམ་བློ་ཞིག་ཐོངས་དང་། ད་དུང་འགྱུར་བ་གཞན་ཡང་ཡོད་སྲིད་དམ། བུ་ཆུང་གིས་མགོ་བོ་གཟུར་ནས་ཤོག་བུའི་སྟེང་དུ་རྟགས་ཤིག་བརྒྱབ་རྗེས་བཤད་རྒྱུར། ཏག་ཏག་མེད་ན། ཟུར་བཞི་ལས་སྲིད། ཁོས་ཁེ་གྲི་བླངས་ནས་ཅོག་ངོས་ཀྱི་ཟུར་ཞིག་ལ་སྣེ་ཚེག་གཉིས་བསྣན་རྗེས་ཀྱི་ཆ་ཤས་གང་རུང་ཞིག་ནས་སྣེ་ཚེག་ཁྲོད་ཀྱི་གཅིག་བཅད་རྗེས་ད་དུང་ཤུལ་དུ་ཟུར་བཞི་ཡོད་པའི་ཅོག་ངོས་དེ་ཐོབ།

སེམས་བསྐྱེད་ཐན་ཐུན།

 

སྤྱིར་གནད་དོན་མང་པོ་ཞིག་གིས་ང་ཚོའི་སྟོབས་ཤུགས་གང་དེ་འཆིང་ཡོད།    གལ་ཏེ་བསམ་བློ་གཏོར་བཤིག་ཐེབས་ནས་ང་ཚོའི་གཏིང་རིམ་ན་སྦས་པའི་བློ་སྤོབས་དེ་ལག་ལེན་དུ་བསྒྱུར་ན། ད་གཟོད་ང་ཚོའི་མང་པོ་ཞིག་འགྱུར་བའི་རང་བཞིན་ཡོད་པ་དེ་གསར་རྙེད་ བྱེད་ཐུབ་ལ་ད་དུང་གོམས་སྲོལ་དུ་གྱུར་བའི་བསམ་བློ་གཏོང་ཐབས་དེ་དོན་ལྡན་དུ་འགྱུར་པའི་གདམས་པ་གསར་བ་དེའང་རྙེད་ཐུབ་བོ། །

 
 
ཕ་སྐད་གདུང་འབོད།
[ 2012-7-1 12:46:36 | By: duodanjia ]
 
 

           ཕ་སྐད་གདུང་འབོད།

 

རིགས་རྒྱུད་གཅིག་ཅེས་ཤ་ཁྲག་མཐུན་པའི་ཚོགས་སྤྱི་ཞིག  ཡར་ཀླུང་དུ་ས་ཁྱབ་རྡོ་ཁྱབ་དུ་གྱུར་སོང     

གོ་ཐོས་སུ      ཁྱེད་ཀྱིས

༼ བློ་ཕ་དྲིས་མ་མྱོང་ལ་བྲོ་མ་བསླངས་མ་མྱོང༽བར་བཤད 

གཞན་ལ་ངོམ་རིན་ཡོད་པའི

གསལ་བྱེད་སུམ་ཅུའི་རྒྱགས་ཕྱེ་རུམ་སྟེ

འཛམ་གླིང་འཛིན་མའི་ཁྱོན་དུ

ལྟད་མོར་སོང་རབས་ཀྱང་བཤད  

 གང་ལྟར་ཡང

ཁྱེད་ནི་ཚན་རིག་པ་ཚོའི་ཕྲ་མཐོང་གི་གསེབ་ན    

ཞིབ་འཇུག་པ་ཚོའི་མིག་ཟུང་གི་ཁྲོད་ན    

སྙན་ངག་པ་ཚོའི་ཤོག་དཀར་གྱི་ངོས་ན 

སྒྱུ་རྩལ་པ་ཚོའི་གསར་གཏོད་ཀྱི་དབུས་ན 

བྲིས་ནས་ཚར་རྒྱུ་མེད་པ་ཁྱེད 

བཤད་ནས་རྫོགས་རྒྱུ་མེད་པའང་ཁྱེད  

གསར་རྙིང་ཞེས་པའི་ཐ་སྙད་ཅིག་གི་འཚིག་རོ་ཞིག     པོ་ཏ་ལར་ས་འདྲེས་རྡོ་འདྲེས་སུ་གྱུར་སོང

 གོ་ཐོས་སུ    ཁྱེད་ཀྱིས

༼ ཨ་ཕའི་བཀའ ༽བརྗེད་སོང་ཟེར 

 ༼ ཨ་མའི་གསུང ༽བོར་སོང་ཟེར    

ལོ་རྒྱུས་ཀྱིས་ཕྱུག་པའི་སྦྲ་ནག་གྲུ་བཞི་དེ་བསྐྱུར་སོང་ཟེར

 གང་ལྟར  

ཁྱེད་ནི་ལོང་བ་ཚོའི་མིག་ཤེལ་གྱི་ནང་ན

ཞ་བོ་ཚོའི་ལག་རྟེན་གྱི་སྣེ་ན   

ལྐུག་པ་ཚོའི་ལྕེ་མདུད་ཀྱི་ཀློང་ན 

འོན་པ་ཚོའི་སྒྲ་ལོག་གི་ཁྲོད་ན  

ཉམས་ནས་ཚར་ལ་ཉེ་བའི་ཁྱེད་རང

བརྗེད་ནས་འབོར་ལ་ཉེ་བའི་ཁྱེད་རང  

དེ་རིང   ངས་ས་ཆེན་གྱི་ཡང་སྟེང་ནས

ཁྱོད་ཀྱི་ཡབ་ཆེན་དེ་འཚོལ་དགོས 

དེ་རིང   ངས་ཧི་མ་ལ་ཡི་དབུ་རྩེ་ནས

ཁྱོད་ཀྱི་ཡུམ་ཆེན་དེ་བཙལ་དགོས

དེ་རིང   ངས་ཙད་ཀྱིས་སྐམ་བཞིན་པའི

ཁྱེད་ཀྱི་ལོ་འདབས་ལ་ཆུ་ཐིགས་གཏོར་དགོས

 དེ་རིང   ངས་ཙག་གིས་མནར་བཞིན་པའི

ཁྱེད་ཀྱི་སྐུ་ལུས་ལ་ན་བཟའི་གཡོགས་དགོས   

ཕ་སྐད་ཡ  ང་ཁྱེད་ཀྱི་དུར་ཁུང་དུ་འཛུལ་ནས

གཟུགས་མེད་ཀྱི་རྣམ་ཤེས་དེ་བཙལ་དགོས  

 ཕ་སྐད་ཡ   ང་ཁྱེད་ཀྱི་བྲང་ཁོག་ཏུ་འཛུལ་ནས

བདེན་དོན་གྱི་བླ་སྲོག་དེ་འཚོལ་དགོས    

ཕ་སྐད་ཡ  ཕ་སྐད་་་་་་་་་

 
 
བར་དོ།
[ 2012-6-20 17:43:21 | By: duodanjia ]
 

 

                  བར་དོ།

                    __ བར་དོ་ཐོས་གྲོལ་ཆེན་མོ ༽ར་བལྟས་རྗེས་ཀྱི་མྱོང་ཚོར།

 

ཕྱི་གཟུགས་ཅན་ནང་སེམས་གཟུགས་མེད་ཀྱི་ཚོར་བ།།

མཐོང་གཟུགས་འཛིན་མ་མཐོང་མུན་འཐོབས་ཀྱི་གྲིབ་མ།།

ཐོས་སྒྲ་འཛིན་མ་ཐོས་འོན་ལྐུག་གི་ཤོབ་གཏམ།།

འགྲེལ་ཀུན་གསལ་བར་དོའི་ལམ་སྟོན་ལ་གཟིགས་དང་།།

སྤྱིར་ཁམས་གསུམ་འཁོར་བ་སྒྱུ་འཕྲུལ་གྱི་མེ་ལོང་།།

སྒོས་འགྲོ་བ་རིགས་དྲུག་ལན་ཆགས་ཀྱི་བདག་པོ།།

ཚེ་མི་རྟག་སྐད་ཅིག་གློག་དམར་གྱི་ཐག་པས།།

དུས་ནམ་བཅིངས་ཆ་མེད་གཞན་དབང་གི་བདག་པོ།།

མི་སྐྱེས་ནས་འཆི་བ་འཇིག་རྟེན་གྱི་ཆོས་ཉིད།།

ལས་ག་རེ་བྱས་ཀྱང་བཟློག་ཐབས་ནི་མེད་པས།།

སྡུག་ང་རོའི་སྨྲེ་ངག་ནུས་མེད་ཀྱི་ས་བོན།།

ཡུལ་མྱ་ངན་ཐང་དུ་གཏོང་བ་དང་འདྲ་མོད།།

ལས་དེ་ལྡོག་དགུང་གྲངས་ཞེ་དགུ་ཡི་རིང་ལ།།

བདུན་ཚ་གསུར་ཆོས་དབྱིངས་བར་མེད་དུ་སྒྲོགས་ཏེ།།

ཡུལ་རྫིབས་པོའི་རབ་དོའི་ཕྲེང་ལམ་ནས་དཀྲོལ་དགོས།།

མི་ལ་ལར་འཕྱི་བར་སེམས་ཁྲལ་གྱིས་མནར་ཡོད།།

སྐྲག་མི་དགོས་ཐར་བའི་ལམ་སྣ་ཞིག་ཟིན་ཡོང་།།

ཡང་ལ་ལས་ཤི་བ་རྫོགས་ཚད་དུ་རློམ་ཡོད།།

ཚར་ཆེ་ཡོད་རྣམ་ཤེས་བར་དོ་དེ་འགྲིམ་དགོས།།

ལུས་རྣམ་ཤེས་གཉིས་ཀ་ཁ་འཕྲོད་དུ་སྣང་ཡང་།།

དོན་དམ་པའི་རང་རང་སོ་སོ་དུ་གྲུབ་ཏེ།།

བདུད་འཆི་བདག་ཐག་པས་ལུས་སྟེང་དུ་བཅིངས་དུས།།

ཕྱི་བེམ་པོ་གཟུགས་ལྡན་སྲོག་བྲལ་གྱི་ཁོག་སྟོང་།།

དེ་ཡིན་ཡང་རྣམ་ཤེས་གཟིགས་མེད་ཀྱི་བྱེད་པོས།།

ཕྱི་མི་ཡུལ་ཁམས་ཀྱི་ལྟད་མོ་དེ་མཐོང་ཐུབ།།

སྡུག་འཁོར་བའི་ཡུལ་ལ་ཞེན་ཆགས་ནི་མེད་པར།།

ཡིད་རྩེ་གཅིག་ལྷ་ལ་གསོལ་བ་རང་བཏབ་སྟེ།།

འོད་དཀར་པོའི་ལམ་གྱི་ཞིང་ཁོལ་དེར་འགྲིམ་དགོས།།

རང་སྣང་བར་གང་ཤར་སྒྱུ་འཕྲུལ་དུ་སྣང་བས།།

གནམ་སྔོན་པོ་འཁྲུགས་པའི་འབྲུག་སྐད་དེར་མ་སྐྲགས།

ཆུ་དྲག་ཏུ་འཕྱུར་བའི་འོབས་ཆེན་དེར་མ་འཇིགས།

ལྷ་ཞི་བ་ཁྲོ་བའི་ང་རོ་དེར་མ་འཛེམས།།

རིགས་གང་དུ་སྐྱེ་བར་རང་ཉིད་ཀྱིས་འདེམས་དགོས།།

ཡིད་དད་པའི་ལྷ་ལ་གསོལ་པ་རང་ཐོབ་ཅིག།

ཚེ་འདི་ཕྱི་རང་གི་ལུས་སྟེང་དུ་བཙལ་ཆོག།

འཇིགས་གཤེན་རྗེའི་ལས་མཁན་ལུས་སྟེང་དུ་གྲུབ་ཡོད།།

སྲོག་ཞུགས་ནས་སྐྱེར་བར་དགའ་སྣང་དུ་མ་རློམ།།

སྲོག་བྲལ་ནས་འཆི་བར་སྡུག་སྣང་དུ་མ་འཛིན།།

འཕྲང་དོག་མོ་བར་དོ་ཤན་འབྱེད་ཀྱི་ཀློང་ནས།།

ལམ་ཡང་དག་སྔོན་གྱི་ཚོགས་བསགས་ཀྱིས་སྟོན་ངེས།།

 
 
ཕ་ས་གསེར་གྱི་ནོར་བུ།
[ 2012-6-13 2:37:47 | By: duodanjia ]
 
 

ཕ་ས་གསེར་གྱི་ནོར་བུ།

གླུ་ཚིག

རྫ་སྨུག་པོ་བྲེ་སེར་འབྲོང་གཡག་གི་གཤར་ལམ།།

ཆུ་དྭངས་མོ་གེགས་སེལ་ལྷ་ཆབ་ཀྱི་བུམ་ཆུ།།

ནགས་མཐུག་པོ་དགྲ་འགོག་བཙན་རྫོང་གི་རྒྱ་ཕབས།།

ངའི་ཕ་ས་འཛམ་གླིང་ཤར་རྒྱུད་ཀྱི་རྒྱན་ཆ།།

 

ཐང་ཆེན་མོ་རང་བྱུང་ནོར་གཏེར་གྱི་རྒྱ་མཚོ།།

རྩྭ་རྩི་དོག་རིན་ཆེན་སྨན་མཆོག་གི་སྡེབ་ཁ།།

རྫ་རི་དྭགས་ཁྱུ་ཚོགས་བག་ཡངས་སུ་རྒྱུ་བའི།།

ངའི་ཕ་ས་འཚེ་མེད་ཞི་བདེ་ཡི་ཞིང་ཁམས།།

 

རྟ་འདོ་བ་འཛམ་གླིང་གེ་སར་གྱི་གྱིབས་རྟ།།

གཡག་རོག་པོ་ཡུལ་ལྷ་ཞི་བདག་གི་སྒོ་ཟོག།

ལུག་གཡང་དཀར་ས་བདག་རྒན་པོ་ཡི་འཚོ་རྟེན།།

ངའི་ཕ་ས་ངོ་མཚར་གཏམ་རྒྱུད་ཀྱི་འབྱུང་ཁུངས།།

 

ཆོས་ཕུང་བོ་བརྒྱད་ཁྲི་རིས་མེད་ཀྱི་ཉི་འོད།།

བྱམས་སྙིང་རྗེའི་སེམས་རྒྱུད་སྦྲང་ཆར་གྱི་ཐིགས་པ།།

སྦྱིན་གཏོང་ཕོད་བྲང་ཁོག་མཐའ་བྲལ་གྱི་ནམ་མཁའ།།

ངའི་ཡུལ་མི་རླབས་ཆེན་བྱངས་སེམས་ཀྱི་བདག་པོ།

 

ངའི་ཕ་ས་རིན་བྲལ་གསེར་ནག་གི་གདུ་བུ།།

ངའི་མ་ས་དུང་མདོག་དངུལ་དཀར་ཀྱི་སོར་གདུབ།།

བུ་དཔའ་བོ་བསྟར་བསྒྲིགས་རང་བྱུང་གི་ཕྲེང་བ།།

ནང་མཐུན་སྒྲིལ་གཏོར་མེད་ལྕགས་ནག་གི་ཐག་པ།།

 

སྟག་ཤར་ར་ཚེས་ཆེན་བཅོ་ལྔ་ཡི་དུང་ཟླ།།

སྨན་བུ་མོ་མདངས་ལྡན་དམར་ཆུང་གི་བྱུ་རུ།།

ཆུང་བྱིས་པ་གསར་བཞད་མེ་ཏོག་གི་ཚོམ་བུ།།

ངེད་བོད་པ་མ་འོངས་གངས་ལྗོངས་ཀྱི་རྒྱན་ཆ།།

 

སྔོན་མེས་པོ་རྙེད་མེད་འཛམ་གླིང་གི་ཉི་ཟླ།།

དེང་མཁས་བ་རྗེས་མཐུད་ཆར་བརྡོལ་གྱི་ཤ་མོ།།

གཞུང་ལེགས་བཤད་རྨོངས་འཇོམས་མན་ངག་གི་བདུད་རྩི།།

ངེད་བོད་པ་ཤེས་རིག་སྒོ་འབྱེད་ཀྱི་ལྡེ་མིག།

 

ཡབ་དམ་པ་ལམ་ཆེན་གསར་གཏོད་གྱི་དཔའ་བོ།།

རྒན་མགོ་དཀར་སྲོལ་འཛིན་ལུགས་སྐྱོངས་ཀྱི་གཉེར་བ།།

གཞོན་དར་མ་རྒྱུད་འཛིན་དར་སྤེལ་གྱི་བྱེད་པོ་།།

ངའི་རིག་རྒྱུད་ཡང་དག་ཤེས་རིག་གི་སློང་མོ།།

 

ཆུ་དྭངས་མོ་མ་བསྐྱིལ་རང་བྱུང་གི་གཏེར་ཆུ།།

རྩྭ་འཇག་མ་མ་བཏབ་རང་སྐྱེས་ཀྱི་སྐྱེ་དངོས།།

ས་ཆེན་པོ་མ་བགོས་ལྷུན་གྲུབ་ཀྱི་འཚོ་གཞིས།།

ངའི་ཕ་ས་རིན་བྲལ་གསེར་ནག་གི་ནོར་བུ།།         

                 

 
 
བྱམས་པ་ས་གཤག་རྡོ་གཤག
[ 2012-6-5 0:57:46 | By: duodanjia ]
 

བྱམས་པ་ས་གཤག་རྡོ་གཤག

 

སྐྲ་ལོའི་ཉག་མ་རེ་རེ་ཀླད་ཆེན་གྱི་ཁ་རྒྱན་དུ་དཔྱངས་ཤིང

དཔྲལ་བའི་སྨིན་ཚམས་སུ་རྒས་བའི་གཉེར་རིས་དབེན་པ

དུང་བའི་མིག་ཟུང་ལས་ཆག་པའི་གཡའ་ཆུ་འཕྱུར་ཞིང

བྱད་བཞིན་མི་སྒོར་མི་རིང་བ  

མཁུར་ཚོས་མི་དམར་མི་སྐྱ་བ

ཁ་ཤ་མི་ཟབ་མི་མཐུག་པ

སྣ་གཟེངས་མི་མཐོ་མི་ཉག་པ

ཚེམ་ཕྲེང་མི་དམ་མི་ལྷོད་པ     

སྐེད་པ་མི་ཕྲ་མི་སྤོམ་པ་

འཕོང་ཚོ་མི་ཆེ་མི་ཆུང་བ  

སྐྱེས་གཟུགས་མི་རིང་མི་ཐུང་བ་

ལུས་ཤ་མི་སྐམ་མི་རྒྱག་པ

     

འཁྱུག་འཁྱུག་གི་སྨེ་ལྕེ་རྒོད་པ

ལྷང་ལྷང་གི་སྐད་ངག་སྙན་མ 

མཉེན་མཉེན་གྱི་ལུས་ཟུང་ལྡེམ་པ

གྲོལ་གྲོལ་གྱི་བློ་རིག་འཁྱུག་པ

གྲིག་གྲིག་གི་བྱང་ཁོག་ཡངས་བ

ལྷོད་ལྷོད་ཀྱི་ངང་རྒྱུད་འཇམ་པ

ཧུར་ཧུར་ཀྱི་སྙིང་སྟོབས་ཐོན་པ

གསལ་གསལ་གྱི་ཕུགས་བསམ་མངོན་པ

ཟིལ་ཟིལ་གྱི་རང་ཚུགས་བརྟན་པ

བ་སྤུའི་ཉག་མ་རེ་རེ་ནུ་ཟུང་གི་མགུལ་དུ་བཤམས་ཤིང

བྲང་ཁའི་གཡས་གཡོན་དུ་གསོས་བའི་རྨ་ཁ་དབེན་པ

མཉེན་པའི་ལྕེ་རྩེ་ནས་ཆག་པའི་སྲིན་འབུ་རྒྱུ་ཞིང

གློ་བ་མི་སྙི་མི་ཧྲ་བ

སྙིང་རྩ་མི་དོག་མི་ཡངས་བ

མཆིན་པ་མི་སྨུག་མི་དཀར་བ

མཚེར་བ་མི་ཟླུམ་མི་ལེབ་པ་

མཁའ་མ་མི་ཆེ་མི་ཆུང་བ

ལོང་ག་མི་རུལ་མི་ནར་བ

ཕོ་བ་མི་ཟབ་མི་མཐུག་པ

རྒྱུ་མ་མི་ཕྲ་མི་སྦོམ་པ

དགའ་བ་རྗེན་རྗེན་དུ་སྟོན་པ

དྲན་པ་ལྷུག་ལྷུག་ཏུ་བརྗོད་པ

བརྩེ་བ་འཛུམ་འཛུམ་ངང་སྟོན་པ

དུང་བ་ཤུར་ཤུར་དུ་སྨྲ་བ

སྙིང་གཏམ་ལྷོག་ལྷོག་དུ་བརྗོད་བ

དམ་བཅའ་རྡོག་རྡོག་དུ་འཛིན་པ

ལག་ཟུང་དམ་དམ་དུ་འཁྱུད་པ

མཆིན་ཤ་དྲོད་དྲོད་དུ་གླན་པ

མཆི་ཏོ་ལྷེམ་ལྷེམ་ཏུ་སྦྱོར་བ

 

རྩིད་པའི་ཉག་མ་རེ་རེ་ལྟེ་བའི་འགྲམ་ཏུ་འཁྱིལ་ཞིང་

ཐེར་བའི་ཁུག་སོ་རུ་རུས་བའི་འབུར་ཚུགས་དབེན་པ

རྒྱག་པའི་བྲང་ཁ་ནས་ཆག་པའི་རྔུལ་ཆུ་འཐོར་ཤིང་

སྒལ་ཚིག་མི་ཆད་མི་ལྷག་པ

ལྷུ་ཆེན་མི་སྒོར་མི་ནར་བ

ལྷུ་ཆུང་མི་རུལ་མི་འཇོང་བ

རྩིག་ཆེན་མི་དྲང་བ་འཁྱོག་པ

རྩིག་ཆུང་མི་ལེབ་མི་སྒོར་བ

དཔུང་བ་མི་ཕྲ་མི་སྦོམ་པ

རྒྱུ་ངར་མི་རྒྱག་མི་ཕྲ་བ

སྐེ་ཚིགས་མི་རིང་མི་ཐུང་བ

མགོ་རིལ་མི་ཟླུམ་མི་འཇོང་བ

མིག་ཟུང་སྐར་ཆེན་ལྟར་འཚེར་བ

སྨིན་མ་གཤོག་ཟུང་ལྟར་བརྐྱངས་བ

རྣ་བ་གླ་བ་ལྟར་རྒོད་པ

ཤ་དྲོད་ཉི་ཐིག་བཞིན་རྣོ་བ

ལྕེ་རྩེ་སྤྲུལ་མིག་ལྟར་གྲིམ་པ

ལུས་ཟུང་སྟག་མོ་བཞིན་གཏུམ་པ

གོམ་སྟབས་ཚུབ་མ་བཞིན་མྱུར་བ

མྱི་དྲི་དྲི་ཞིམ་ལྟར་འཐུལ་བ

མི་གཞི་འབྲི་མར་ལྟར་ལྟེམ་པ

 

 
 
གསལ་བསྒྲགས་ཕྲན་བུ།
[ 2012-5-31 1:53:59 | By: duodanjia ]
 

 

གསལ་བསྒྲགས་ཕྲན་བུ།

 

བདེན་པའི་ངག་གི་ཚིག་གི་མདའ་མོ།།

བཙན་པོའི་གདོང་ལ་ཤུགས་ཀྱིས་གཏད་ཚེ།།

སྙིང་གཏམ་ཐན་ཐུན་ཆུ་ཐིགས་གསོན་པོ།།

དུང་བའི་བློ་ནས་འཁྲུངས་བ་ལོས་ཤེས།།

 

ཕ་གིའི་རི་ན་ལྡིང་བའི་སྤྲིན་པ།།

མགྲོན་པོ་བཞིན་ཏུ་ཁྱིམ་ཏུ་བསུ་ནས།།

ལེགས་བཤད་གསེར་གྱི་བཙན་རྫོང་མཐོན་པོ།།

གོམ་པའི་ཤུགས་ཀྱིས་མཇལ་མཁན་སུ་ཡིན།།

 

ཁ་བཤད་དོན་ལ་གནས་པའི་ཚིག་ཞིག།

མང་བོའི་གྲོས་སུ་ལྷོད་ཀྱིས་བབས་ན།།

བདེན་བཞི་སྐྱོངས་བའི་སྲོག་གི་ཀ་བ།།

ང་དང་སྙན་ངག་རིང་མོས་བཏེགས་འདུག།

 

དུས་བསྟུན་ཆར་བའི་ཐིགས་པ་ཕྲ་མོ།།

འོས་བསྟུན་བསྡུས་པའི་གཟུགས་སུ་གྲུབ་ནས།།

སྨོན་འདུན་ཀྱ་ཀྱུ་ངག་ནས་གཏོར་མཁན།།

ང་དང་མཚན་མོའི་ཟླ་བ་ཁེར་འགྲོ།

 

མི་ཁའི་ཚིག་གི་དུག་འཛེར་རྣོན་པོ།།

རི་གྲོང་དཀྱིལ་ཏུ་ལྷང་ངེར་མཆེད་ཀྱང་།།

ཡུལ་ལ་བཅངས་པའི་བརྩེ་བའི་ཉིང་ཁུ།།

སྙིང་གི་དཀྱིལ་ན་ལྟེམ་མེར་འཁྱིལ་ཡོད།།

 

དྲན་པའི་སྟེང་གི་སྐད་ཆ་རྡོག་པོ།།

ཕྲག་དོག་རླུང་བུས་རྒྱང་ལ་དེད་ཀྱང་།།

ཤ་འདུས་ཁྲག་གྲུབ་མི་གཤིས་དྭངས་མ།།

དུས་དང་སྐལ་བའི་དབར་ཏུ་མི་འགྱུར།།

 

ཕར་བཤད་སྐད་ཆའི་མདུད་པ་དཀྲོལ་ནས།།

ཚུར་བཤད་ལན་གྱིས་ཡུ་བར་འཇུས་ནས།།

རང་ཚིགས་བརྟན་མོའི་བྲག་རི་ལྷུན་པོ།།

མ་ཤི་བར་ཏུ་སེམས་སུ་བཞེངས་ཡོད།།

 

ལྟ་བའི་རླུང་བུ་གཡོན་ལ་གཡུགས་ནས་།།

དགག་པའི་སེར་བ་གཡས་ལ་བབས་ཀྱང་།།

དད་སེམས་བློ་རྩེ་གཅིག་ལ་གཏད་ནས།།

དབུ་མའི་འཕྲང་ལམ་བློ་ཡིས་མཇལ་ངེས།།

 

གཏམ་རྒྱུད་ཆ་ཤས་བློ་རུ་བཅུགས་སྟེ།།

མགྲིན་པ་རི་ཡི་རྩེ་ལ་བསྟད་ནས།།

གང་དྲན་ཁ་ནས་ཕྱི་ལ་སྤེལ་མཁན།།

ང་དང་ལག་གི་སྨྱུ་གུ་རྣོན་པོ།།

 

ག་རུ་བདེན་དོན་མེ་ལོང་མཆིས་ན།།

དེ་རུ་དྲང་བོའི་རང་གཟུགས་ཕབ་ནས།།

རང་སེམས་དྲོན་པོ་འབེན་ལ་འཇོག་མཁན།།

ང་དང་གཟུགས་མེད་རྣམ་ཤེས་ཕྲ་མོ།།

 

ཉམ་ཆུང་མི་སེར་ལས་ཀྱི་རྒྱབ་གཟུགས།།

ཡ་ཐོད་སྟེང་གི་མིག་གིས་འཚོས་ནས།།

ཁུ་སིམ་ལས་དབང་ཁད་ཀྱིས་དཀྲོགས་པ།།

ཤ་ལས་བབས་པའི་ཁྲག་གི་འབོད་སྐད།།

 

མི་མངོན་རབ་རིབ་ཚུལ་འཚོས་གཡོ་ཟོལ།།

རྣ་རྒྱབ་མག་མོག་ཤས་ཙམ་ཐོན་ཚེ།།

མཐའ་དཔྱོད་གཏམ་གྱི་མགོ་རྐང་བསྒྲིག་པ།།

གར་ཏུ་འཁྲབ་པ་རིག་པའི་རྩེད་འཇོ།།

 

རུལ་སུང་བསྟན་པ་དགུང་དུ་མཆེད་ནས།།

དཔོན་ངན་བྲང་ཁ་ཚིལ་གྱིས་འབུར་དུས།།

རང་དོན་རི་རབ་མྱུར་ཏུ་དོར་ནས།།

རྟོགས་སད་གཤག་བཅོས་ལས་ལ་འབད་སྲིད།།

 

བྱ་ལས་གང་དེར་ལྟག་སྒོ་བརྒྱུད་དུས།།

བྱེད་ལས་རྩ་བ་ཡུན་གྱིས་སློག་ནས།།

ཐ་ཤལ་སྐྱུགས་བྲོའི་རི་མོ་འདི་ཞེས།།

འབངས་ཀྱི་སྙན་ཏུ་གསལ་ལེར་སྒྲོགས་སྲིད།།

 

ཐོབ་དང་གོ་སའི་ཐེམ་ཏུ་སྤོས་ནས།།

རིགས་དང་ཤ་ཡི་ཆད་ཁུངས་བཙོང་དུས།།

རྐང་དང་ཚིལ་གྱི་མཆོད་པ་བཤམ་ནས།།

དྲན་སྐུལ་ཅུང་བརྡ་འུར་གྱིས་གཏོང་སྲིད།།

 

གང་དྲན་སེམས་ཀྱི་མཆོད་པ་དམར་པོ།།

གང་གི་བཀའ་དང་དབང་གིས་མནན་ན།།

མི་གཤིས་རིན་ཆེན་དཔང་དུ་བཞག་ནས།།

མི་རུང་བྱ་བའི་གཏམ་རྒྱུད་སྤེལ་སྲིད།།

 

མངོན་མེད་ལྐོག་གི་གསང་བའི་ཟློས་གར།།

ཚིམ་མེད་བློ་ནས་འཁྲབ་རྒྱུ་དྲག་ན།།

བརྙན་ལེན་འཕྲུལ་ཆས་ཕྲག་ཏུ་ཁུར་ནས།།

ཕུག་གཏོར་དངོས་བཤུས་བརྙན་ཐུང་ཕབ་སྲིད།།

 

གང་ན་བདེན་དང་གནས་ལུགས་འཛོམས་ན།།

དེ་རུ་དལ་བའི་དུས་ཚོད་སྐྱེལ་སྲིད།།

གང་ནས་བཤུ་གཞོག་གྲལ་རིམ་བགར་ན།།

དེ་ནས་ང་རོའི་ཀུ་རིང་འདེབས་སྲིད།།

 

ཞི་བདེ་ཡར་སྐུལ་ལས་གཞི་དེ་ལ།།

ཤ་གསེང་རྔུལ་ཆུས་ས་བོན་གཏོར་ལ།།

ལོལ་ཚོལ་འཆད་གཏམ་སྐུད་པ་ཕྲ་མོ།།

རིག་པའི་གཏམ་གྱི་དུམ་བུར་གཏུབ་སྲིད།།

 

མདོར་ན་ཀུན་དང་མཐུན་པའི་ལས་དེར།།

སྙིང་ནས་ཤི་འཐམ་རོ་འཐམ་བྱེད་མོད།།

ལྡོག་ནས་མངོན་མེད་སྤེལ་བའི་འཕྲུལ་དེ།།

གཏོར་མ་བཞིན་ཏུ་རྒྱང་དུ་སྤྱུགས་སྲིད།།

 
 
གཏམ་གྱི་སེམས་ངལ་ལྷག་མ།
[ 2012-5-21 23:58:35 | By: duodanjia ]
 

 

  གཏམ་གྱི་སེམས་ངལ་ལྷག་མ།

 

དུང་ཟླ་བའི་འཛུམ་མདངས་རི་ཞོལ་ནས་ཡལ་ཏེ།།

མཚན་སྨག་རུམ་མིག་གོང་ཡོལ་བ་ལྟར་སྒྲིབས་ཚེ།།

ལུས་ལང་ཚོ་རྒྱས་བའི་ཆུང་མཐུན་གྱི་བྱམས་པ།།

སེམས་གངས་དཀར་དཀྱིལ་དུ་གསལ་གསལ་དུ་ཤར་ཡོང་།།

 

གསལ་ལྷང་ངེར་སྐར་ཆེན་གློག་འོད་ལྟར་མངོན་ཞིང་།།

འཇམ་ཅག་གེར་འཇག་མའི་ཤིག་གླུ་རང་གྱེར་དུས།།

ངག་སྙན་མོའི་སེམས་ཀྱི་དྭངས་བ་རང་འདྲེན་པའི།།

སྨན་ཁྱོད་ཀྱི་ཚིག་འཇམ་སྙིང་གཏམ་དེ་དྲན་སོང་།།

 

སྐྱ་གསལ་ལེར་ཉི་འོད་ཕྱོགས་བཞི་རུ་འཕྲོས་ཏེ།།

མ་འགྲོ་ཀུན་རང་རང་ལས་ཀར་རང་བྲེལ་དུས།།

རྫ་ཁྲ་ཁྲའི་འདབས་ནས་འུར་ཆ་རང་ཐོགས་ཏེ།།

ལུག་གཡང་དཀར་མཉམ་འཚོ་བྱས་པ་དེ་དྲན་བྱུང་།།

 

དགོང་ཕྱི་དྲོའི་གྲིབ་མས་རི་མགོ་རང་གཡོགས་ཏེ།།

སྐར་ཚོམ་བུ་ཞག་གི་མགྲོན་པོ་ལྟར་བསུ་དུས།།

སེམས་ཕྲ་མོར་བརྗོད་འདས་སྙིང་གཏམ་རང་ཐོགས་ཏེ།།

ལམ་སྐྱ་མོའི་ཕྱོགས་སུ་བསྐྱོད་པ་རང་དྲན་བྱུང་།།

 

བདེན་ཨ་ལོང་ལྟ་བུའི་དམ་ཚིག་ཀྱི་མདུད་པ།།

སྙིང་གསོན་པོའི་སྟེང་ལ་དགུ་མདུད་ལྟར་སྒྲིམ་ཏེ།།

དུས་ནམ་ཞིག་སྙིང་གཏམ་མཛད་མེད་ཀྱི་ཆུ་བོ།།

བློ་བདེན་སྣོད་ཁག་ཏུ་རང་འཁྱིལ་དུ་རློམ་ཡོད།།

 

ལམ་ཀྱག་ཀྱོག་རི་ཆུ་སྟོང་ཕྲག་གི་བཅད་ཀྱང་།།

སེམས་ཕྲ་མོ་རྣོ་ལྕགས་ཁབ་ལེན་དུ་བསམ་ཏེ།།

མཚན་རྨི་ལམ་ཁྲོད་ནས་ཡང་ཡང་དུ་མཇལ་བ།།

གཤེན་གསོན་པོར་ངོ་འཕྲད་བྱུང་བ་ལས་སྤྲོ་ཨང་།།

 

དབྱར་ཚ་ཞིང་དགུན་དུས་གྲང་རག་གིས་མནར་ཚེ།།

ལུས་བདེ་ཐང་ཕྱོགས་ལ་སེམས་ཁུར་རང་བྱས་ཏེ།།

གནས་ཕུན་ཚོགས་རང་ས་ཆོས་ལྡན་གྱི་ཞིང་ནས།།

བློ་བདེ་ལ་བབ་པའི་ཉིན་མོ་གཅིག་མི་འདུག།

 

སྟོན་ཤིང་ལོ་རླུང་གིས་ཕྱོགས་བཅུ་རུ་གཏོར་ནས།།

ཡུལ་སྐྱིད་པོ་ཐང་ཆད་མྱ་ངམ་དུ་བསྒྱུར་དུས།།

སེམས་ཕྲ་མོར་བྲེལ་ཤ་རླུང་དམར་བཞིན་འཚུབ་ཏེ།།

བྱ་རྒོད་པོ་བཞིན་དུ་འཕུར་འདོད་རང་བསམ་བྱུང་།།

 

དབྱར་སྤང་ལྗོངས་གོས་ལྗང་རི་མོ་ལྟར་མཛེས་ཤིང་།།

འདབ་སྟོང་ལྡན་མེ་ཏོག་ཁྲོམ་ཁྲོམ་དུ་བཞད་ཀྱང་།།

སེམས་ཡ་ཆུང་ཡལ་མེད་སྨག་ནག་གིས་གཡོགས་ཏེ།།

སྐྱིད་དགའ་བདེའི་དཔལ་ལ་རོལ་བ་དེ་མི་དྲན།།

 

ཤིང་འདབ་ལོ་རྒྱས་བའི་ནགས་ཚལ་གྱི་ཁྲོད་ནས།།

བྱ་ཁུ་བྱུག་གསུང་སྐད་ལྷང་ལྷང་དུ་གྲགས་ཀྱང་།།

རྣ་ཅོར་ཅོར་མིག་ཟུང་གྱེར་གྱེར་དུ་གཏད་དེ།།

ཐེངས་གཅིག་ལ་ཉན་འདོད་སྤྲོ་བ་དེ་མི་འདུག།

 

སྟོད་འབྲོག་ས་རྟ་ནོར་ལུག་གསུམ་སོགས་འཕེལ་ཞིང་།།

སྨད་རོང་ས་འབྲུ་རིགས་སྣ་ལྔ་དེ་རྒྱས་ཡང་།།

སེམས་ཕྲ་མོར་བཟོད་མེད་དྲན་གདུང་གིས་མནར་ཏེ།།

གཞོན་བཅུ་དྲུག་ལང་ཚོའི་འོད་སྣང་དེ་ཡལ་སོང་།།

 

གྲོང་རུ་སྡེ་ཕྲ་མོར་ན་གཞོན་རང་འཚོགས་ཏེ།།

སྐད་སྙན་མོའི་གླུ་ལེན་གར་རྩེན་ལ་རོལ་ཡང་།།

མིག་ཁྲ་ཆུང་མཆུ་མས་རང་འཁོར་རང་བརྒྱབ་ནས།།

སེམས་རྣལ་མའི་ཉན་འདོད་སྐད་ཅིག་ཙམ་མ་བྱུང་།།

 

ངག་དལ་བར་མ་བསྡད་ཁ་ནས་རང་གླེང་ཡོད།།

བློ་ཐེ་ཚོམ་མ་སྐྱེས་སེམས་ནང་དུ་འཚོས་ཡོད།།

ཚིག་སྡེབ་སྦྱོར་སྤེལ་ནས་དྲན་གདུང་གི་འབོད་པ།།

དུས་རྒྱུན་དུ་དཀར་པོ་ཤོག་ངོས་སུ་ཕབ་ཡོད།།

              

 
 
བཟོ་གྲྭ་འདིའི་ཚོང་རྫས་ལྟོས།
[ 2012-5-10 8:07:35 | By: duodanjia ]
 
 

            ང་ཚོའི་རིག་གནས་ལ་རྡོག་རྫིས་བཏང་འདུག

 

 

       དེང་གི་དུས་འདིར་ཚན་རིག་ལག་རྩལ་དར་བ་དང་བསྟུན་ནས་སྤྱི་ཚོགས་ཀྱི་རྣམ་པ་ཡང་དེར་བརྟེན་གྱི་འཕེལ་རྒྱས་སུ་འགྲོ་བཞིན་འདུག ལྷག་ཏུ་ཚོང་ལས་ཀྱི་འགྲན་རྩོད་ཆེ་བའི་དུས་འདིར་ཚོང་རྫས་མཁོ་སྤྲོད་བྱེད་མཁན་གྱི་ལས་ཁུངས་དང་འཛད་སྤྱོད་པའི་དབར་མཐུན་བསྡུར་གྱི་འབྲེལ་བ་ཆགས་འདུག ལས་ཁུངས་གང་དེས་འཛད་སྤྱོད་པའི་རེ་བ་འམ་དགོས་མཁོ་དེ་ཅི་འདོད་དུ་སྐོང་ཐུབ་པའི་ཚད་དུ་སླེབས་འདུག འདིར་མཚོན་ན་ང་ཚོའི་ཡི་རངས་བྱེད་ས་འམ་སྤྱི་ཚོགས་ཀྱི་རྣམ་པ་གང་གི་ཆ་ནས་ཀྱང་དཔལ་ཡོན་ཅན་ཏུ་འགྱུར་བཞིན་པའི་སྣང་ཚུལ་ཞིག་ཏུ་ངོས་བཟུང་ཆོག  བཟོ་གྲྭ་གང་ཡིན་ཡང་རྩ་ཁྲིམས་དང་མཐུན་པའི་ཚོང་རྫས་སྤུས་ལེགས་ཅན་བཟོ་རྒྱུུ་དང་། མིའི་བདེ་ཐང་ལ་སེམས་ཁུར་བྱེད་རྒྱུའི་འགན་ཁུར།  འཕྲོད་རྟེན་ལས་ཁུངས་ཀྱི་ཆོག་མཆན་དཔང་ཡིག་འགོད་པ།   མི་རིགས་གང་དེའི་ཡུལ་སྲོག་གོམས་གཤིས་ལ་བརྩི་བཀུར་བྱེད་རྒྱུ་སོགས་ཆེས་སྤྱིར་བཏང་གི་རྒྱུན་ཤེས་དག་ལ་གཟབ་རྒྱུ་ནི་བཟོ་གྲྭ་དེར་ངེས་པར་ཚང་དགོས་པའི་ཆ་རྐྱེན་ཏུ་འདོད་ལ་བཟོ་གྲྭ་དེ་ཆགས་བྱེད་ཀྱི་ཀ་བ་འམ་རྩ་བའི་གཞི་རྐང་དུ་གྲུབ་ཡོད།  ཡིན་ཡང་། དེང་སྐབས་རང་རྒྱལ་གྱི་ནང་ལོག་གི་བཟོ་གྲྭ་འགའ་ཤས་ནས་བསྟུད་མར་མིའི་བདེ་ཐང་ལ་གནོད་པའི་ཚོང་རྫས་རྫུན་མ་ཚོང་རར་བཀྲམ་ཏེ་མིའི་རིན་ཆེན་གྱི་ཚེ་སྲོག་ལ་གནོད་པ་ཚབས་ཆེན་ཐེབས་མྱོང་།    དཔེར་ན།      ཉིས་སྟོང་བརྒྱད་ཀྱི་ལོར་བྱུང་བའི༼གསུམ་འདུས་ཆིན་ཨན༽ 三聚氰胺(英文名)Melamine   ཀྱིས་མི་སྲོག་གང་མང་ཞིག་འཕྲོག་པ་ཁྱོད་ཚོའི་སེམས་ན་ཡང་གསལ་བོ་ཡིན་རྒྱུ་རེད།    དེར་མ་ཟད་ཁ་སང་དེ་རིང་བྱུང་དང་འབྱུང་བཞིན་པའི་ཕག་ཁྱི་སོགས་ཤི་བའི་ཤ་ལས་གཡས་རྒྱུ་བཟོ་བ་དང་བྱ་སྒོང་གཅིན་ནང་དུ་བཙོ་བ    ཁུ་ཁོལ་ཁུ་ནག་ཏུ་༼ཚ་སྐྱུར་འདྲེས་མའི༽རྫས་འགྱུར་གྱི་དུག་སོགས་བསྲེས་ཏེ་ཚོང་རར་བཀྲམ་པ་སོགས་སྐྱུག་བྲོ་བའི་སྣང་ཚུལ་གང་མང་ཞིག་འབྱུང་བཞིན་ཡོད་མོད་འདིར་མི་བརྗོད་དོ།   

     སྤྱིར་རིག་གནས་ཞེས་པ་ཕྱི་རོལ་ཡུལ་གྱི་སྣང་ཚུལ་ལ་མིའི་འདུ་ཤེས་ཀྱིས་ཚུར་སྣང་བྱས་ཤིང་གྲུབ་ནས་ཐོན་པའི་བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་གྱི་ཐོན་འབྲས་དེ་འོ། ཁྱབ་ཆུང་ནས་བརྗོད་ན་མི་རིགས་གང་དེའི་མེས་པོ་རྣམ་གྱིས་ཀླད་པའི་རྩལ་དང་དཀའ་སྡུག་གི་རྔུལ་ཆུར་བརྒྱུས་ནས་གྲུབ་པའི་ཐོན་དངོས་དེར་ངོས་འཛིན་དགོས། དེར་མ་ཟད་མི་རིགས་དང་རིག་གནས་དབར་སྲོག་ཐག་ལྟ་བུའི་འབྲེལ་བ་ཆགས་ཡོད་ལ་མི་རིགས་གང་དེ་རང་གི་རིག་གནས་ལ་བརྟེན་ནས་འཛམ་གླིང་གོམ་པའི་མཇལ་རྒྱུ་ནི་ཐོག་

མའི་རྨང་གཞིའི་ལམ་ཞིག་གོ  མི་རིགས་དེ་ལ་ཆོས་ལུགས་དད་མོས་རང་དབང་དང་། རིག་གནས་བདག་དབང་རང་དབང་།   སྲོལ་རྒྱུན་རྒྱུད་འཛིན་རང་དབང་དང་། དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་སྲུང་སྐྱོབ་རང་དབང་སོགས་འདུག་པས་མི་རིགས་གཞན་པས་ཀྱང་ངེས་པར་ཏུ་བོད་དང་གྲངས་ཉུང་མི་རིགས་གང་དེའི་རིག་གནས་སྣང་ཚུལ་ལ་རྡོག་རྗིས་གཏན་ནས་བཏང་མི་ཆོག་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་གྱི་རྒྱལ་ཁབ་ཀྱི་དམངས་སྲོལ་ཁྲིམས་ཡིག་ཏུ་འང་མི་རིགས་གང་དེའི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱེད་རྒྱུ་དང་དེར་འགལ་བའི་བྱ་བ་སྒྲུབ་ན་ཁྲིམས་དང་འགལ་ཡོད་ཞེས་བཀོད་འདུག  དེའི་སྟབས་ཀྱིས་མི་རིགས་གང་ཡིན་ཡང་རང་མི་རིགས་ཀྱི་རིག་གནས་གོམས་སྲོལ་རྒྱུད་འཛིན་དང་། སྲུང་སྐྱོབས། དར་རྒྱས་སུ་གཏོང་བ་སོགས་ཀྱི་འདུ་ཤེས་ཡོད་པས་ཅི་འདོད་གང་འདོད་དུ་མི་རིགས་དེའི་རིག་གནས་ལག་ཆ་ཙམ་མམ་བཀོལ་སྤྱོད་འབའ་ཞིག་ཏུ་བསམ་སྟེ་ཚོང་རྫས་ཁོ་ན་རུ་བསྒྱུར་མཁན་བཟོ་གྲྭ་འམ་ཚོགས་པ་དེས་མི་རིགས་རིག་གནས་སྣང་ཚུལ་ལ་གཏོར་བརླག་དང་འོས་མིན་ལུགས་མིན་གྱི་བྱ་བ་སྣ་ཚོགས་སྒྲུབ་ན་དོན་གྱིས་མི་རིགས་དེར་བཙན་འཛུལ་དང་གཉའ་གནོན་བྱས་པ་དང་གཅིག་མཚུངས་རེད།  ལྷག་ཏུ་དེང་སྐབས་རྒྱལ་ནང་གི་སྒེར་གཉེར་བཟོ་གྲྭ་འགའ་རེ་ན་གཅིག་ནས་སྤྱི་མཐུན་གྱི་རྩ་ཁྲིམས་དང་འགལ་བའི་བྱ་བ་བཟོ་བ་དང་།  གཉིས་ནས་མི་རིགས་ཀྱི་རིག་གནས་གོམས་སྲོལ་ལ་རྡོག་རྫིས་དང་སྣང་མེད་དུ་འཇོག་པའི་ཤུགས་ཆེ་རུ་འགྲོ་གིན་འདུག་སྟེ། དཔེར་ན། ལྷམ་མཐིལ་གྱི་སྟེང་དུ་བོད་ཡིག་གཙག་པ།  བུད་མེད་ཚོའི་འོག་འཇོག་གཙང་ཤོག་ཐོག་ཏུ་སྒྲོལ་མའི་སྐུ་དཔར་པ།  འཁོར་ལོའི་གཟུང་འཇུག་གི་ཚབ་ཏུ་ཤོག་སྟོང་འཇོག་པ།   ས་གདན་སོགས་ཀྱི་སྟེང་དུ་དྲིལ་བུ་དང་རྡོ་རྗེ་སོགས་བརྐོ་བ།   ཕྲེང་བའི་སྟེང་དུ་ཡུ་ཤེའི་ཆོས་ལུགས་ཀྱི་རྒྱ་གྲམ་ཕབ་པ། བྰ་དང་སོ་ཕག་སོགས་ཀྱི་སྟེང་དུ་པཎ་ཆེན་སོགས་ཀྱི་འདྲ་དཔར་བ།   རྐང་སྣམ་དང་དོར་མ་སོགས་ཀྱི་སྟེང་དུ་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་བཟོ་བ།   གོང་གི་རི་མོའི་སྟེང་ནས་མཐོང་བ་ལྟར་ལྷམ་གྱི་མཐིལ་དང་སྟེང་དུ་ལྷ་སྐུ་དང་མ་ཎི་ཡིག་དྲུག་ཕབ་པ་སོགས་སྣང་ཚུལ་གསོན་པོ་རེ་བྱུང་དང་འབྱུང་བཞིན་འདུག་འདུག་པས།

 མཐོང་ན་ཡ་ང་ཞིང་འཇིག་ཡེར་བ།   ཡིད་མུག་ཅིང་སྙིང་འཚང་བ།  ཧ་ལས་ཤིང་ཧོན་ཐོར་བ།

 ཤ་གཟེར་ཞིང་ཁྲག་འཁྲུགས་པ། རྐང་ཆག་ཞིང་རུས་འཐོར་བ་སོགས་བསྲན་ནས་བཟོད་དཀའ་བའི་ན་ཟུག་རྗེན་པ་ཞིག་བསྐྱལ་ཞིང་མིག་ཆུ་དབང་མེད་དུ་འཐོར།

  འདི་ནི་རིག་གནས་ཀྱི་གཉའ་གནོན་ཞིག་མ་ཡིན་ནམ།    

  འདི་ནི་ཚོང་རྫས་ཀྱི་བཙན་བྱོལ་ཞིག་མ་ཡིན་ནམ། 

 འདི་ནི་མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་བྱེད་འདོད་ཀྱི་སེམས་ཀྱི་འགད་རྫས་ཤིག་མ་ཡིན་ནམ། 

 འདི་ནི་འཆམ་མཐུན་དཔལ་ཡོན་རྨང་ནས་བཅོམས་བྱེད་ཀྱི་གཟུ་བའི་འཕང་མདའ་ཞིག་མ་ཡིན་ནམ།

འདི་ནི་ཆོས་ལུགས་དད་མོས་བྱེད་མཁན་ཚོར་ཨུ་ཚུགས་ཀྱིས་བསྣན་པའི་རལ་གྲི་རྣོན་པོ་ཞིག་མ་ཡིན་ནམ།

 
 
ཞག་འདུག་གི་མགྲོན་པོ།
[ 2012-5-8 17:26:50 | By: duodanjia ]
 

 

ཞག་འདུག་གི་མགྲོན་པོ། 

 

གནས་འཇིག་རྟེན་འཁོར་བ་རེས་འཁོར་གྱི་དུས་ཚོད །།

བློ་བདེ་བའི་ངང་སྒུག་ཚེ་སྲོག་གི་ར་མདའ །།

སྔོན་ཚོགས་བསགས་འདབ་སྟོང་ལྗོན་ཤིང་གི་ས་བོན །།

གནས་གང་ལ་འཁྲུངས་འདོད་ལས་དབང་གིས་བཀོད་སྒྲིག །

 

དཔལ་དགའ་བདེའི་ལོངས་སྤྱོད་སྤྲིན་སྒྲིབ་ཀྱི་ཉི་འོད །།

ཡུལ་གང་དུ་འཕྲོ་འདོད་འགྲེལ་མེད་ཀྱི་གསང་བ །།

རྟེན་བཟང་པོ་ཚུར་ཡོང་ཞག་འདུག་གི་མགྲོན་པོ །།

དུས་ནམ་ཕེབས་ཆ་མེད་གཞན་དབང་གི་བདག་པོ །།

 

ས་ཆེན་པོ་དོམ་བླངས་སྐད་ཅིག་གི་གནས་ཚང་

དུས་ནམ་ཞིག་ཇལ་དགོས་མུན་དོང་གི་ལག་སྙོབས །།

ཆུ་ཆེན་པོ་རྟག་མེད་རང་བྱུང་གི་ནམ་ཟླ །།

དུས་ནམ་ཞིག་སྐམ་འདོད་ཉི་འོད་ལ་རག་ལས །།

 

ཕྱིའི་ངོ་མཚར་ཚན་རིག་མིས་བཟོས་ཀྱི་རི་མོ །།

ཚོན་སྡེབ་ཁའི་ལས་སྣོན་པུར་རྩལ་གྱི་དབང་ཆ །།

ནང་ཀུན་སློང་རང་བྱུང་ཤ་ཁྲག་གི་ཕུང་བོ །།

འཕྲུལ་རྩལ་དགུ་བཀོད་ཀྱང་འགྱུར་མེད་ཀྱི་རྣོ་ལྕགས །།

 

རྒྱུ་འབྱོར་བ་ཞོགས་པའི་རྩྭ་མགོ་ཡི་ཟིལ་བ །།

དུས་ནམ་གཏོར་དྲོད་འཇམ་ཉི་འོད་ལ་རག་ལུས །།

བློ་རིག་པ་ཚད་མེད་ཐབས་ཤེས་ཀྱི་བདག་པོ །།

མི་མཆོག་དམན་བར་མར་བཏང་སྙོམས་སུ་འཁྲུངསཡོད །

 

དྲིན་ཕ་མ་རྙེད་མེད་འཛམ་གླིང་གི་ཉི་ཟླ །།

དུས་ནམ་ཞིག་ཇལ་འདོད་དུས་ཚོད་ལ་ར་ལས །།

བུ་བཟང་པོ་འགན་བབས་ཚེ་གཅིག་གི་ལག་རྟེན །།

དྲིན་ཇི་ལྟར་མཇལ་འདོད་སེམས་ཤུགས་ལ་རག་ལས །།

 
 
མེས་པོ་དྲན་པའི་མགུར་གླུ།
[ 2012-5-6 14:07:30 | By: duodanjia ]
 

 

     མེས་པོ་དྲན་པའི་མགུར་གླུ།

 

 

བདེན་གསལ་འབྱེད་ལོ་རྒྱུས་མེ་ལོང་གི་གཞི་རུ།།

ཞག་སྐར་ཆེན་ལྟ་བུར་འོད་སྣང་གིས་འཚེར་བའི།།

གོང་མེས་པོའི་ཞལ་བཟང་གདམས་ངག་གི་བུམ་ཆུ།།

དུས་ད་ལྟ་འཐུང་འདོད་སྐོམ་པས་རང་ཚ་འང་།།

 

བློ་རིག་པའི་མེ་ལྕེའི་འོབ་ཀློང་དུ་འཁྲུངས་བའི།།

གཞུང་ཟབ་མོའི་པོ་ཏི་རིན་ཆེན་གྱི་ནོར་བུ།།

སྐྱོན་ཀུན་བྲལ་ཡོན་ཏན་ཀུན་ལྡན་གྱིས་ངང་ནས།།

སེམས་བསམ་པའི་གཏིང་ནས་བཞེས་ན་རང་བསམ་བྱུང་།།

 

ཕྱི་སྣོད་བཅུད་བདེ་དགའི་གུར་ཁང་དུ་རློམ་ཞིང་།།

ནང་སེམས་ཅན་འགྲོ་དྲུག་ཕ་མ་རུ་སྒོམ་པའི།།

རྒྱུ་སེམས་རྒྱུད་སྟོང་བྲལ་ནམ་མཁའ་དང་འདྲ་བའི།།

དུས་ད་ལྟ་མེས་པོའི་བྱམས་བརྩེ་དེ་མཁོ་ཨང་།།

 

ཕྱི་ངང་རྒྱུད་འཇམ་པོ་བལ་དཀར་ལས་ལྷག་ཅིང་།།

ཁྲེལ་ཕྱི་ཐག་རྨ་ཆུའི་བཞུར་རྒྱུན་དང་འབྲེལ་བའི།།

ཞི་མཐུན་སྒྲིལ་རྡོག་རྩའི་ཨ་ལོང་རང་སྦྲེལ་བའི།།

གོང་མེས་པོའི་བབ་ཆགས་གཤིས་རྒྱུད་དེར་སྨོན་ཨང་།།

 

དཀའ་བརྒྱ་ཕྲག་རྫིབས་ལམ་རྔུལ་ཆུའི་རང་མཇལ་ཞིང་།།

ལམ་ཀྱག་ཀྱོག་ཡིད་ཆེས་གོམ་པའི་རང་མནན་ཏེ།།

ཕྱི་རྗེས་ཤུལ་ཕྲ་མོ་མི་ཡུལ་ལ་འཐེན་མཁན།།

གོང་མེས་པོའི་རླབས་ཆེན་སྙིང་སྟོབས་དེ་བརྗིད་ཨང་།།

 

གནས་རིག་གནས་བཅུ་ཡི་ངོ་མཚར་གྱི་ལྟད་མོ།།

ཡུལ་བསིལ་ལྡན་ལྗོངས་ལ་འོད་ཀྱིག་གེར་འཁྲབ་ཏེ།།

བློ་རྨོངས་བ་ཅན་ཚོར་མུན་ཀློང་ནས་སྐྱོབ་མཁན།།

གོང་མེས་པོའི་བླ་མེད་རིག་པ་དེ་མཚར་ཨང་།།

 

ནང་མཐུན་སྒྲིལ་གསེར་གྱི་དར་ཐག་གི་མདུད་པ།།

རང་སྤུན་ཟླའི་དཔུང་ལ་དམ་གྱི་ལེར་སྒྲིམ་ཏེ།།

བཟང་ཤེས་རྒྱའི་ལམ་ཏུ་བསྟར་ཕྲེང་ངེར་སྤོ་མཁན།།

 གོང་མེས་པོའི་འགྱུར་མེད་ཡིད་ཆེས་དེ་བརྟན་ཨང་།།

 

ཐབས་རྩལ་དགུས་རེ་བའི་གུར་ཀུམ་གྱི་འབྲས་བུ།།

ཐངས་ཆེན་པོའི་ལྟོ་བར་ཉུག་ཉུག་ཏུ་གཏོར་ཏེ།།

དཔལ་འབྱོར་བའི་དངོས་ཟོག་ལྷུག་ལྷུག་ཏུ་སྩོལ་མཁན།།

གོང་མེས་པོའི་ཞུམ་མེད་སྤོབས་པ་དེ་དྲག་ཨང་།།

 

གོམ་དལ་མེད་དུས་ཚོད་འཁོར་ལོ་ཡི་ཐག་འགྲོས།།

དུས་སྐབས་བསྟུན་ངོས་ལ་ལྷེམ་ལྷེམ་ཏུ་འཁོར་ཏེ།།

ཐག་རིང་བོར་ལམ་ཆེན་ཤུར་ཤུར་བཏོད་མཁན།།

གོང་མེས་པོའི་ཡལ་མེད་ལ་རྒྱ་དེ་སྟོབས་ཨང་།།

 

ཟབ་གཞུང་ལུགས་དངོས་ཡོད་རི་མོ་ཡི་ཚུལ་དུ།།

ཕྱི་རྗེས་རབས་དག་གི་སྤྱན་སྔ་རུ་བཀྲམ་སྟེ།།

རྒྱུ་འབྲས་བུ་གཉིས་ཀྱི་གཤིན་ས་རང་སློག་མཁན།།

གོང་མེས་པོའི་ཡང་དག་ཀུན་སློང་དེ་གཙང་ཨང་།།

 

རླུང་བསེར་བུའི་ངར་ཤུགས་འུར་འུར་ཏུ་ལྡང་ཞིང་།།

དུས་མི་རྟག་ནམ་ཟླ་ལྷོག་ལྷོག་ཏུ་འཁྲུགས་ཀྱང་།།

ལས་བདེན་རྫུན་གཉིས་ཀྱི་སོ་ཁ་ནས་འགྲེང་མཁན།།

གོང་མེས་པོའི་བསླུ་མེད་སྤྱོད་པ་དེ་རྨད་ཨང་།།

 

ཁྲམ་གཡོ་སྒྱུའི་རལ་གྲི་སིལ་སིལ་ཏུ་ཕྱར་ཏེ།།

རྗུན་སྐུར་འདེབས་གཏམ་ངན་གསལ་གསལ་ཏུ་མཆེད་ཀྱང་།།

ཐུགས་སྒམ་དཀྱེལ་སྟོང་བའི་ནམ་མཁའ་ལས་ལྷག་པའི།།

གོང་མེས་པོའི་ཡ་ཆུང་བྱང་ཁོག་དེ་ཡངས་ཨང་།།

 

དུས་ད་ལྟ་དཀར་ནག་དབྱེ་མཚམས་ནས་འགྲེང་ཏེ།།

མིག་ཕྲ་མོའི་འདས་ཟིན་ལོ་རྒྱུས་དེར་ལྟ་དུས།།

གོང་མེས་པོའི་བསྟན་པའི་གཟུར་གནས་ཀྱི་ལམ་དེར་།།

འགྲོ་གོམ་པའི་རྐང་བས་རང་སྤོས་ནི་བརྒྱབ་སོང་།།

 

ལྟ་གསར་རྙིང་གཉིས་ཀྱི་ཁུགས་སོ་ནས་བསྡད་དེ།།                          

ཟབ་གཞུང་ལུགས་གཉིས་ལ་རིག་པས་རང་མཇལ་ན།།

སེམས་བསམ་པས་བེམ་པོར་འགོ་བསྡུ་རང་བརྒྱབ་ཏེ།།

ལས་རྒྱུ་འབྲས་གཉིས་ཀྱི་ཞིང་མཆོག་ཏུ་ཁྲིད་སོང་།།

 

བློ་རིག་པས་ཡང་དང་བསྐྱར་ཏུ་རང་དཔྱད་ཅིང་།།

དེབ་པོད་ཆེན་ཉིན་དང་མཚན་ཏུ་རང་སློག་ཀྱང་།།

གོང་མེས་པོའི་བཞག་པའི་ལམ་ཆེན་ལས་གཞན་ཞིག།

འཚོལ་འདོད་ཀྱང་མིག་གོང་ཡོལ་བ་ཡིས་སྒྲིབ་སོང་།།

 

དུས་གསར་བའི་མེ་ལྕེ་ལྷོག་ལྷོག་ཏུ་འཕྱུར་ཏེ།།

གཞུང་ལེགས་བཤད་ཆར་ཤུལ་ཤ་མོ་ལྟར་བརྡོལ་ཡང་།།

གོང་མེས་པོའི་བཞག་པའི་པོད་ཆེན་དང་བསྡུར་ན།།

མཚར་ཅི་དགོས་བྱེའུ་ཕྲུག་དམར་རྗེན་དང་འདྲ་འོ།།

 

ཚན་ལག་རྩལ་གཉིས་ཀྱི་རྣོ་ཁ་ན་འབར་ཞིང་།།

སྨྱན་དྲ་རྒྱ་སོགས་ཀྱི་མདུན་རྒྱབ་ནས་འཚོས་ཀྱང་།།

གོང་མེས་པོའི་གསུང་གི་རྩ་བ་དེ་སློག་དང་།།

ཐབས་གདམས་ངག་མ་ལུས་ཅི་འདོད་དུ་སྩལ་འདུག།

 

ཡིད་གང་དྲན་རང་སྣང་ཐེ་ཚོམ་གྱི་བློ་དེ།།

རི་གཟར་བའི་མགོ་ཡི་དར་ལྕོག་བཞིན་གཡོ་དུས།།

སེམས་རྣལ་གཅིག་མེས་པའི་བཤུལ་ལམ་ཏུ་འགྲོང་དང་།།

ལམ་དཀར་པོའི་དར་ཐག་རྒྱང་རིང་དུ་འཐེན་འདུག།

 

དུས་གསར་བའི་འཕེལ་རྒྱས་རླུང་བུ་ལྟར་ལྡིང་སྟེ།།

བློ་གསར་བའི་རྒྱགས་ཕྱེ་ཉུག་ཉུག་ཏུ་འཁྲུངས་ཡང་།།

གོང་མེས་པོའི་བཞག་པའི་མཛད་རྗེས་ལས་ལྷག་པའི།།

བདེན་ཚད་མར་འཛིན་རུང་ལྟ་གྲུབ་དེ་འབྱུང་དཀའ།།

 

སེམས་བསམ་པར་འཁྲུངས་པའི་སྐད་ཆ་ཡི་ཕྱི་ནང་།།

བློ་རིག་པ་ཅན་ཚོར་ལེགས་སྐྱེས་སུ་བཏེགས་ཏེ།།

གོང་མེས་པོ་དྲན་པའི་སྙིང་ཁོང་གི་མགུར་འདི།།

ལག་སྨྱུ་གུའི་རྩེ་ནས་ཤམ་ཤམ་གྱིས་བབས་ཐལ།།

 
 
རྟོགས་སད་གསར་བརྗེ།
[ 2012-5-2 6:52:00 | By: duodanjia ]
 
          

          

                                        རྟོགས་སད་གསར་བརྗེ།

 

  དཔྲལ་བ་དང་གཉེར་མའི་དབར་ན                 དབུ་ལོ་དང་སྐྲ་རྩེའི་གསེབ་ན

  སྐྱི་མོ་དང་བ་སྤུའི་སྟེང་ན                             ཁྲག་དང་རྩ་ལམ་གྱི་ཕུག་ན

 

ཀེར་ཀེར་ཏུ་འཁྲུངས་བ                     ཉིག་ཉིག་ཏུ་རྒོད་པ                     ཆལ་ཆིལ་དུ་འབབ་པ   

  

 ཆེམ་ཆེམ་ཏུ་གཡོ་བ                            རྫིབ་རྫིབ་དུ་སྣང་བ                      རྫིག་རྫིག་ཏུ་མངོན་པ    

   

 ལྷང་ལྷང་དུ་བཞུར་བ                     ལྷོག་ལྷོག་ཏུ་ལྡིང་བ                      གུག་གུག་ཏུ་བཞུགས་པ  

 

 འཇོང་འཇོང་དུ་གྲུབ་པ                   རབ་རིབ་ཀྱིས་གཡོགས་པ              ཁད་ཁིད་ཀྱིས་བསྐུངས་བ   

 

 ཁོལ་ཁོལ་གྱིས་གདུ་བ                       སབ་སིབ་ཀྱིས་རུབ་པ                   སར་སོར་ཏུ་སྐྱེས་པ

 

 སད་སུད་ཀྱིས་མནར་བ                        བན་བུན་གྱིས་བཏུམས་པ                བེར་བེར་གྱིས་མནན་པ 

 

ཕྱག་ཕྱོད་ཀྱིས་འཁུམ་པ                    པྲག་པྲིག་གིས་དབུལ་བ                དར་དར་གྱིས་བཀུགས་པ 

 

  ཉག་ཉིག་གིས་བསླད་པ                  ཉག་ཉོག་གི་རྨོངས་པ            ཅབ་ཅབ་ཀྱིསའཁྲུལ་བ     

                 

  ཁྲག་ཁྲིག་གིས་མནར་བ   

 

བྲན་གཡོགས་སམ         སྐུ་དྲག་གམ         དཔོན་པོ་འམ        དབུལ་བོ་འམ    

 

མི་སེར་རམ                     བཏུང་ཆུ་འམ                 ཤ་ཁྲག་གམ         ཉལ་ཐ་འམ   

     

བུ་རམ་མམ                འཁྲུལ་སྣང་ངམ        འདུ་ཤེས་སམ       རྣམ་རྟོག་གམ 

 

ལྟ་བ་འམ                   ཀུན་སྤྱོད་དམ          སྙིང་རྗེ་འམ           བླ་སྲོ་གམ  

  

བརྩེ་བ་འམ                  དྲན་པ་འམ            རྣམ་ཤེས་སམ           བདེན་པ་འམ  

 

རྫུན་མ་མམ                 མུན་ནག་གམ          གྲིབ་མ་འམ          རྩྭ་ལྗང་ངམ  

 

འབྲུ་རིགས་སམ             ཡོང་དཀར་རམ        ལི་ཤི་འམ