མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
བྲེ་མོ་ལེགས་མཛེས།

ཟིན་བདག་བརྡ་ཁྱབ།


སེམས་ཀྱི་ཡ་ཆུང་གི་ནམ་མཁའ་སྔོན་པོ་དེ་ནི་ཁོ་མོའི་ཕུགས་རེའི་ཁྲོད་ཀྱི་ཆེས་རྒྱང་ཐག་རིང་བའི་རང་དབང་གི་གནས་དེ་ཡིན་སོང་།   བྲེ་མོ་ལེགས་མཛེས་ཀྱིས།

ཟིན་ཐོ་གསར་བ།
པར་དེབ།
དཔྱད་བརྗོད་གསར་བ།
ལན་སློག་གསར་བ།
ངའི་གྲོགས་པོ།
ཟིན་བྲིས་ཆ་འཕྲིན།
སྤྱི་འབྱེད་སློབ་ཐུན་ཞིག་ལ་ཉན་པའི་མྱོང་ཚོར།
2014-5-24 20:47:27
 

སྤྱི་འབྱེད་སློབ་ཐུན་ཞིག་ལ་ཉན་པའི་མྱོང་ཚོར།

          སློབ་སྐབས་འདིར་དགེ་གྲོགས་བར་མཉམ་མྱོང་བརྗེ་རེས་དང་ཕན་ཚུན་སློབ་སྦྱོང་བྱས་ནས་སློབ་ཆུང་དགེ་རྒན་ཚད་ལྡན་གྱི་དཔུང་སྡེ་ཞིག་གསོ་སྐྱོང་བྱེད་ཕྱིར་སློབ་གྲྭས་གཟའ་འཁོར་རེའི་གཟའ་པ་སངས་ཀྱི་སྔ་དྲོའི་འཚོགས་དང་བོ་ནས་གསུམ་པའི་བར་སྐད་ཡིག་དང་རྩིས་རིག རྒྱ་ཡིག་གོ་རིམ་ལྟར་དགེ་རྒན་རྣམས་ལ་ལས་བགོས་བྱས་པ་བཞིན་མི་རེས་སྤྱི་འབྱེད་སློབ་ཐུན་ཐེངས་རེ་འཚོགས་དགོས་ལ། འཚོགས་མེད་པའི་དགེ་རྒན་རྣམས་ངེས་པར་ཏུ་སྤྱི་འབྱེད་སློབ་ཐུན་ལ་ཉན་པར་འགྲོ་དགོས་པ་རེད།

          དེ་རིང་ཡང་གཟའ་པ་སངས་ཡིན་པས་ནམ་རྒྱུན་བཞིན་འཚོགས་དང་བོ་མེད་པས་སྐད་ཡིག་སྤྱི་འབྱེད་སློབ་ཐུན་གཅིག་ལ་ཉན་དུ་སོང་བ་ཡིན། ཐུན་འདིའི་ནང་དོན་ནི་སློབ་ཆུང་ལོ་རིམ་ལྔ་བའི་སྟོད་ཆ་ལས་སློབ་ཚན་བརྒྱད་པ་ཉི་མ་ཞེས་པའི་སློབ་ཚན་དེ་ཡིན་ལ། ཁྲིད་མཁན་དགེ་རྒན་གྱི་ཤེས་བྱའི་རྨང་རྐང་བརྟན་པ་དང་གཏམ་བརྗོད་ནུས་རྩལ་བཟང་བ། སློབ་ཁྲིད་རིག་ལམ་གསལ་བ། སློབ་ཁྲིད་ཐབས་ལམ་གྱིས་ཕྱུག་པ་དང་སྨྱན་མང་གཟུགས་བཀོལ་སྤྱོད་སོགས་དེང་རབས་ཁྲིད་ཆས་ཀྱིས་རམ་འདེགས་ལ་བརྟེན་ནས་དགེ་སློབ་ཟུང་འབྲེལ་བྱས་པ་བག་ལྷོད་ཅིང་། ཐུན་ཡོངས་ལ་འཁྲུག་ཆ་དོད་པ་སོགས་འགུལ་འཇགས་ཀྱི་རྣམ་པ་རེས་མོས་སུ་སྤྱོད་པས། ཉན་མཁན་གྱི་དགེ་གྲོགས་ལྷན་རྒྱས་ཀྱང་ཚོགས་ཐུན་འདིའི་འགྲོས་དང་བསྟུན་ནས་ཚོར་བ་འཁྱམས་སྐྱོད་དུ་གཏོང་བ་ལ་བྲེལ་བཞིན་འདུག

                སྐབས་དེར་ཁྲིད་མཁན་དགེ་རྒན་གྱིས་ཉི་མ་དང་འབྲེལ་ཡོད་ཀྱི་གཏམ་རྒྱུད་བཤད་པ་ལ་བརྟེན་གལ་ཏེ་ཁྱེད་ཚོའི་ལག་ཏུ་བློ་མཐུན་ཧོས་ཡེས་ཀྱི་མདའ་གཞི་དེ་ཡོད་ཚེ་ཇི་ལྟར་བྱ་སྲིད་ཅེས་པའི་དྲི་བ་དེ་བཏོན་པ་དང་བདག་གིས་ཀྱང་དྲི་བ་འདི་ནི་ཅི་འདྲའི་དྲི་བ་ཡག་པོ་ཞིག་རེད་འདོད། རྒྱུ་མཚན་ནི་དྲི་བ་འདི་ལ་ཚད་བཀག་མེད་པར་སློབ་མའི་འཆར་ཡན་གྱི་སྒོ་མོ་ཕྱེས་ནས་བརྗོད་འདོད་ཀྱི་སྐད་ཆ་ལྷུག་པོར་བཤད་ཆོག་སྙམ་བཞིན་པའི་དུས་སྐད་ཅིག་མ་དེར་སློབ་མ་གཅིག་གི་དྲི་ལན་ལས་ང་ཚོ་ཡོད་ཚད་ཀྱི་ནང་སེམས་ལ་གཡོ་སྐྱོམ་ཆེན་པོ་བཟོས་བྱུང་། སློབ་མ་དེའི་ངུ་དངངས་ཀྱི་སྐད་ངག་དང་སྡེབ་ནས་གལ་ཏེ་ངའི་ལག་ཏུ་བློ་མཐུན་ཧོས་ཡེས་ཀྱི་མདའ་གཞི་དེ་ཡོད་ཚེ་ངས་ཕ་གསད་ལག་དམར་གྱི་སྙིང་དཀྱིལ་ལ་བརྒྱབ་ཏེ་དགྲ་ཤ་ལེན་ན་འདོད་ཅེས་ནང་སེམས་ཀྱི་སྐད་ཆ་གསོན་པོ་དེ་ཕྱི་ལ་བསྒྲགས་ཡོང་སྐབས་ང་ཚོ་ཐམས་ཅད་ཀྱང་སློབ་བུ་དེ་དང་འགྲོགས་ནས་མིག་ཆུ་དབང་མེད་བཞུར་བྱུང་བ་ཡིན། སྐབས་དེར་འཚོགས་མཁན་དགེ་རྒན་གྱིས་ཁྱོད་རང་ངུ་མི་དགོས། དེ་རིང་རང་སེམས་ཀྱི་སྡུག་བསྔལ་ཕྱི་ལ་བསྒྲགས་ཐུབ་པ་འདི་སྙིང་སྟོབས་ཤིག་ཡིན་ལ། ཁྱེད་ཀྱིས་བཤད་པ་བཟང་ཞེས་སེམས་གསོ་ཙམ་བྱས་ནས་བུ་ཆུང་དེ་སྡོད་དུ་བཅུག་བྱུང་།

                སྐབས་དེར་ངའི་ནང་སེམས་ལ་བརྗོད་འདས་ཀྱི་ཚོར་བ་སྐྱེན་པོ་ཞིག་གིས་གཞོགས་གཏུབ་བྱེད་པ་དང་ལྷན་དུ་ཁྲིད་མཁན་དགེ་རྒན་གྱི་ཐབས་ལམ་ལ་ཕངས་སེམས་ཀྱང་སྐྱེས་པ་ཡིན། རྒྱུ་མཚན་ནི་བྱིས་པའི་ནང་སེམས་ཀྱི་སྡུག་བསྔལ་ལམ་སྡང་སེམས་དེ་ལ་ཁ་གཏད་ནས་སློབ་མ་འདིའི་བསམ་པའི་འཛིན་སྟངས་ལ་ཡོ་བསྲིང་བྱས་ཏེ་དྲང་ཕྱོགས་ཀྱི་ཐབས་ལམ་ལ་བརྟེན་ནས་སློབ་གསོ་བྱེད་པའི་སྐལ་བ་བཟང་བོ་དེ་དམ་འཛིན་བྱེད་མ་ཐུབ་ལ། ད་དུང་བུ་ཆུང་གི་བྱེད་སྟངས་ལ་བསྟོད་བསྔགས་བྱས་པ་དེས་ཁོའི་སྡང་སེམས་ཀྱི་མྱུ་གུ་ལ་ངར་ཤུགས་བསྩལ་བ་དང་ཆར་བ་ཆུ་གྲོགས་ལྟར་སྡང་སེམས་ཚབས་ཆེན་དུ་བཏང་སོང་སྙམ།

          ང་རང་ཡང་དགེ་རྒན་ཞིག་པའི་རྐྱེན་གྱིས་དོན་འདི་ངའི་འཚོགས་ཐོག་རུ་བྱུང་ན་ཇི་ལྟར་བྱེད་སྲིད་དམ་ཞེས་ངང་ངམ་ཤུགས་ཀྱིས་དྲི་གཞི་འདི་འདྲ་ཞིག་ཀླད་པའི་ནང་དུ་འཁོར་འཁོར་བྱས་བྱུང་།གལ་ཏེ་ང་རང་གི་འཚོགས་ཐོག་གི་འདི་འདྲའི་གློ་བུར་བའི་དོན་དག་ཞིག་བྱུང་ཚེ་ང་རང་ཉིད་ཕལ་ཆེར་ཅི་བྱ་གཏོལ་མེད་དུ་གྱུར་སྲིད་ལ་ཐ་ན་བུ་ཆུང་དེ་ལ་སེམས་གསོ་ཙམ་ཡང་བྱེད་ཐུབ་བམ་སྙམ་བྱུང་།

            དོན་དག་འདི་ལས་དགེ་རྒན་རྣམས་ཀྱིས་སྐྱེད་མེད་སྦྱོང་བརྡར་དང་སླ་བ་བསྐྱར་ཟློས་ཁོ་ན་ཙམ་གྱི་མ་ཆོག་པར་དུས་རྒྱུན་འཚར་ལོངས་ཁྲོད་ཀྱི་བྱིས་པ་ལ་རྒྱུས་ལོན་བྱས་ནས་སློབ་མའི་ཅི་ཞིག་བསམ་བཞིན་ཡོད་པ་སོགས་སློབ་གསེང་སྐབས་བེད་སྤྱད་ནས་ཁ་བརྡ་བྱེད་པ་སོགས་ཀྱི་ཐབས་ལ་བརྟེན་ནས་རྩད་ཞིབ་བྱེད་པ་ཧ་ཅང་གལ་ཆེ་ལ། དགེ་རྒན་གྱི་འཚོགས་ཐོག་ལ་བྱུང་བའི་གློ་བུར་དོན་རྐྱེན་ཐག་གཅོད་བྱེད་པའི་ནུས་པ་སྦྱོང་བརྡར་བྱེད་འོས་སྙམ་བྱུང་ངོ་།

deqing | རྩོམ་ཡོངས་ཀློག་པ།(573) | ལན་སློག(2)
ཚེ་སྲོག་སློབ་གསོ
2014-5-24 9:04:00
 

ཚེ་སྲོག་སློབ་གསོ་དེ་སྲོལ་རྒྱུན་བྱ་འགུལ་ཁྲོད་ཇི་ལྟར་སིམ་འཛུལ་བྱེད་པའི་སྐོར་ནས་དྲན་ཚུལ་ཐོར་བུ།

བརྡ་འཕྲིན་དུས་རབས་འདིར་ལོ་ལ་རིལ་མོ་གཅིག་གྱུར་གྱི་ཁྱིམ་གཞི་དྲོན་མོ་ལ་འགྱུར་བཞིན་པའི་དུས་དེ་རིང་། དུས་རབས་ཉེར་གཅིག་པ་འདིར་གཏོགས་པའི་ན་ཆུང་བྱིས་པ་རྣམས་ལ་རིགས་ཞེན་གྱི་འདུ་ཤེས་ཞན་ཅིང་རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་སོགས་ལ་རྒྱུས་མངའ་མེད་པ་དང་། ཁྱིམ་ཚང་རེ་ལ་བྱིས་པ་གཅིག་ནས་གཉིས་ལས་མེད་པས་རྐྱེན་ཁྱིམ་ནས་བྱིས་པ་ཚོར་གང་མཁོ་གང་དགོས་སོགས་ཕ་མས་འདོན་སྤྲོད་བྱས་པ་མང་དྲགས་པས་སློབ་གྲྭའི་འཚོ་བའི་ཁྲོད་ཕན་ཚུན་བཀུར་བསྟི་དང་རོགས་རེས་སོགས་མི་ཐུབ་པར་རང་ཉིད་ལྟེ་བར་འཛིན་ཅིང་སྡུག་རུས་བྱེད་མི་ཐུབ་ལ་དཀའ་ཚེགས་ཅུང་ཙམ་ཡང་བཟོད་བསྲན་མི་ཐུབ་པ་སོགས་ལ་གཞིགས་ནས་བདག་གིས་སློབ་མ་རྣམས་ལ་སྲོལ་རྒྱུན་འདུ་ཤེས་སྐྱེད་སྲིང་དང་ཚེ་སྲོག་དོན་ལྡན་དུ་བསྒྱུར་བར་བག་ཆགས་ཙམ་འཇོག་ཐུབ་སོང་ན་དགེ་མཚན་ལྡན་སྙམ།

 དེང་རབས་ཀྱི་སྤྱི་ཚོགས་ཁྲོད་སྐྱེས་པའི་སློབ་མ་སུ་དང་གང་ཞིག་ཡིན་ཡང་དོན་དག་གང་རུང་ཞིག་རེ་ཞིག་རང་ཉིད་ཀྱིས་བསམ་པ་ལྟར་དུ་མ་འགྲུབ་ཚེ་རང་སྲོག་གཅོད་པ་སོགས་ཀྱི་བྱ་བ་གང་སར་འབྱུང་བཞིན་པ་འདིར་བརྟག་ན་སློབ་མ་འདི་རྣམས་ཀྱིས་རྙེད་པར་དཀའ་བའི་དལ་འབྱོར་གྱི་མི་ལུས་འདིའི་རིན་ཐང་རྟོགས་མེད་པས་ཡ་ང་བའི་སྣང་ཚུལ་དེ་འདྲ་འབྱུང་བ་རེད།  དེའི་ཕྱིར།  སློབ་མ་རྣམས་ལ་དུས་རྒྱུན་གྱི་སློབ་སྦྱོང་གི་འཚོ་བའི་ཁྲོད་ཕྱོགས་སྟོན་གསལ་བོ་བྱས་ནས་ཚེ་སྲོག་ནི་རིན་བྲལ་ཡིན་པ་དང་ང་ཚོས་ངེས་པར་དུ་ཚེ་སྲོག་ལ་གཅེས་སྤྲས་བྱེད་དགོས་པ་དང་མི་ལུས་ཞིག་བླངས་པ་དེ་གཏི་མུག་རོ་ཉལ་བྱས་ནས་མི་ཚེ་སྟོང་ཟད་དུ་མི་གཏོང་བར་གནའ་དེང་གི་ཤེས་བྱ་དག་ལ་འབད་པས་སྦྱང་བ་བྱས་ནས་ཕ་ཤུལ་བུ་ཡིས་ཟིན་དགོས་ཨང་།  སྲོལ་རྒྱུན་གྱི་བྱ་འགུལ་ལས་འུར་རྡོ་དང་གླང་ཆེན་ས་གཤག་འགྲན་བསྡུར་སོགས་ཀྱི་ཁྲོད་སློབ་མ་རྣམས་ཧུར་བརྩོན་གྱིས་ཞུགས་པ་བརྒྱུད་རང་ལུས་ལ་སྦྱང་བརྡར་ཐོབ་ཡོད་ལ་འགུལ་སྐྱོད་ནི་ཚེ་སྲོག་གི་འབྱུང་རྩ་ཡིན་ཟེར་བ་བཞིན་དུས་རྒྱུན་སློབ་མ་རྣམས་ལ་རང་ལུས་སྦྱོང་བརྡར་གྱི་གོམས་གཤིས་བཟང་བོ་ཆགས་པར་སྐུལ་མ་གཏོང་དགོས་སོ།

རང་རིགས་ཀྱི་ཐུན་མོང་མ་ཡིན་པའི་དུས་ཆེན་རྣམས་ལ་རྒྱུས་ལོན་དང་འཚོ་བའི་ཁྲོད་ཕ་མེས་ཀྱི་འདུག་རྟེན་སོགས་ལ་ངོས་འཛིན་དང་རྩེད་རིགས་འགའ་ཡི་བྱ་འགུལ་ཁྲོད་དངོས་སུ་ཞུགས་པར་བྱས་ནས་སློབ་མར་ཕྱོགས་ཡོངས་ནས་རང་མི་རིགས་ཀྱི་སྲོལ་རྒྱུན་སྐོར་རྟོགས་སུ་བཅུག་པ་བརྒྱུད་སེམས་གཏིང་ནས་རིགས་ཞེན་གྱི་འདུན་པ་སྐྱེད་སྲིང་བྱེད་པ་དང་ཕ་མེས་ཚོས་འཚོ་བ་རོལ་སྟངས་དང་ད་ལྟའི་ཆ་རྐྱེན་བར་ཕན་ཚུན་གཤིབ་བསྡུར་བྱས་ནས་སྔར་ལས་ལྷག་པར་སློབ་སྦྱོང་སོགས་ཀྱི་གོ་སྐབས་དམ་འཛིན་བྱེད་པ་དང་རང་ཉིད་ཤེས་ཡོན་གྱི་བདག་པོར་འགྱུར་བར་བརྩོན་ལེན་བྱས་ནས་རིགས་ཞེན་གྱི་འདུ་ཤེས་ཤ་གསེང་རུས་གསེང་ལ་འཐིམ་ཡོད་པའི་དུས་རབས་དང་འཚམས་པའི་ན་གཞོན་ཕུགས་བསམ་ལྡན་པ་དང་བདེ་ཐང་གི་ལུས་ཕུང་མངའ་ལ་དྭངས་གཙང་གི་སེམས་རྒྱུད་ཅན་རེ་རེར་འགྱུར་བར་རྨང་རྐང་འཇོག་པར་བྲེལ་དགོས་པར་འདོད་ནས་ཚེ་སྲོག་སློབ་གསོ་དེ་སྲོལ་རྒྱུན་བྱ་འགུལ་ཁྲོད་ཇི་ལྟར་སིམ་འཛུལ་བྱེད་པ་ཞེས་པའི་བྱ་གཞི་ཞིབ་འཇུག་བྱེད་ཁུལ་བྱས་པ་ཡིན་པས་དངོས་ཤུགས་གང་རུང་ནས་ཕན་པ་ཅུང་ཙམ་རེ་ཡོད་པར་ཡིད་ཆེས་ཀྱིས་ཁེངས་ཡོད།

deqing | རྩོམ་ཡོངས་ཀློག་པ།(571) | ལན་སློག(1)
སློབ་ཁྲིད་བྱེད་སྟངས་གླེང་བ།
2012-9-26 13:24:52
 

རོལ་མོ་བ་ཆུང་ཆུང་གཡང་ཁོ་ཞེས་པའི་སློབ་བཤད་ཟིན་བྲིས།

གཅིག   སློབ་དེབ་ཀྱི་སྐོར།

དེ་རིང་སློབ་བཤད་བྱེད་པའི་ནང་དོན་ནི་ལྗོངས་ཞིང་ལྔའི་མཉམ་བསྒྲིགས་སློབ་གཞི་དེབ་བཅུ་གཅིག་པའི་སྟོད་ཆ་ལས་སློབ་ཚན༡༦རོལ་མོ་བ་ཆུང་ཆུང་གཡང་ཁོ་ཞེས་པ་དེ་ཡིན།

གཉིས།   སློབ་ཚན་ངོ་སྤྲོད་མདོར་བསྡུས།

སློབ་ཚན་འདི་ནི་ནོ་འབེར་རྩོམ་རིག་བྱ་དགའ་ཐོབ་མྱོང་བའི་ཕོ་ལན་གྱི་རྩོམ་པ་པོ་ཤན་ཁི་ཝེ་ཏྲའི་བརྩམས་ཆོས་བཅོས་སྒྲིག་བྱས་པ་ཞིག་ཡིན་ལ།  དུས་རབས་བཅུ་དགུ་བར་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བདག་གི་དབང་སྒྱུར་འོག་ཏུ་ཕོ་ལན་རྒྱལ་ཁབ་ཀྱི་ཞིང་སྡེའི་ངལ་རྩོལ་མི་དམངས་ཀྱིས་ཡ་ང་བའི་འཚོ་བ་རོལ་བཞིན་ཡོད་པ་མཚོན་ཡོད་ལ་སློབ་ཚན་འདིར་རོལ་མོ་ལ་ཧ་ཅང་དགའ་བའི་བྱིས་པ་དབུལ་བོ་གཡང་ཁོས་ཞིང་བདག་གི་གཡོག་པོའི་མགུལ་སྦྲེང་ལ་བལྟས་པ་དང་། དེར་རེག་པ་ལ་གཅར་རྡུང་དྲག་པོ་ཐེབས་ནས་ཤི་བའི་གཏམ་རྒྱུད་མཆི་མ་དཀུ་བ་ཞིག་བརྗོད་འདུག

གཏམ་རྒྱུད་འདིའི་ཁུངས་སྣེ་ནི་མགུལ་སྦྲེང་ཞིག་དང་མི་སྣ་གཙོ་བོ་ནི་བྱིས་པ་གཡང་ཁོ་ཡིན་ལ་སྨྱན་མང་གཟུགས་ཀྱི་ཁྲིད་ཆས་བཀོད་སྒྲིག་བྱེད་སྐབས་རྒྱབ་ལྗོངས་མང་ཕྱོགས་བྱིས་པ་གཡང་ཁོའི་འདྲ་གཟུགས་དང་མགུལ་སྦྲེང་གི་རི་མོ་བཀོལ་བའི་རྐྱེན་ཡང་རྒྱུ་མཚན་འདི་ལ་ཐུག་ཡོད།

    མིས་མི་ཟ་བའི་སྤྱི་ཚོགས་ཁྲོད་དབུལ་བོའི་བྱིས་པ་ལ་འཇོན་ཐང་ཅི་འདྲ་ཡོད་ཀྱང་ཞིང་བདག་རྣམས་ཀྱིས་མནར་གཅོད་འོག་གཡོག་པོ་རུ་འགྱུར་འདུག་པ་ལས་ནང་སེམས་ཀྱི་ཕུགས་འདུན་ཏིལ་འབྲུ་ཙམ་ཡང་མངོན་འགྱུར་བྱེད་དཀའ་བའི་འཇིགས་རུང་གི་སྤྱི་ཚོགས་ཤིག་གི་ནག་ཉེས་མངོན་ཡོད།

གསུམ།  སློབ་ཁྲིད་དམིགས་ཚད།

ཤེས་བྱའི་དམིགས་ཚད།

སློབ་ཚན་སྒྲ་དག་ཅིང་བརྩེ་དུང་ལྡན་པའི་སྒོ་ནས་ཀློག་འདོན་ཐུབ་དགོས་པ་དང་ཡིག་གསར་དག་གི་འབྲི་ཀློག་དོན་གསུམ་བྱང་ཆུབ་པར་བྱེད་པ།

རྩལ་ནུས་ཀྱི་དམིགས་ཚད།

གཡང་ཁོའི་སྐད་ཆ་དང་བྱ་སྤྱོད། རོལ་མོ་ལ་དགའ་བའི་བརྩེ་དུང་བཅས་ལ་དམིགས་ནས་རོལ་མོ་བ་ཆུང་ཆུང་གཡང་ཁོ་བརྩམས་པའི་གོ་རིམ་དང་ནང་དོན་གྱི་གོ་བ་ལོན་དགོས་ཤིང་། འཆར་ཡན་བྱེད་པའི་ནུས་པ་སྐྱེད་སྲིང་བྱེད་པ།

བརྩེ་སེམས་དམིགས་ཚད།

སློབ་ཚན་བསླབས་པ་བརྒྱུད་ནས་ཆགས་སྡང་གསལ་བའི་བརྩེ་དུང་གི་སློབ་གསོ་ཐོབ་སྟེ། མུན་ནག་སྤྱི་ཚོགས་ཀྱི་ངོ་བོ་དང་ནག་ཉེས་ངོས་འཛིན་པ།  སྤྱོད་ཚུལ་ངན་པ་ལ་ཞེ་སྡང་སྐྱེས་པའི་ངོས་ཟིན་ཐོབ་དགོས་པ།

བཞི།  སློབ་ཁྲིད་གཙོ་དཀའ་གནད།

གཙོ་གནད།

            རྒྱུ་རྐྱེན་གང་དག་གིས་གཡང་ཁོ་རོལ་མོ་ལ་ཧ་ཅང་དགའ་བ་མཚོན་ཡོད་པ་དེ་ཤེས་བར་བྱེད་པ།

དཀའ་གནད།

            སྐབས་དེའི་སྤྱི་ཚོགས་ཀྱི་ངོ་བོ་དང་ནག་ཉེས་ལ་ངོས་འཛིན་གསལ་བོ་ཐེབས་སུ་འཇུག་པ་དེ་ཡིན།

ལྔ།   ཁྲིད་ཐབས་ཀྱི་སྐོར།

ཐད་མཐོང་ཁྲིད་སྟོན་བྱེད་པའི་ཐབས་ལམ།    གྲོས་བསྡུར་དང་བགྲོ་གླེང་བྱེད་པའི་ཐབས་ལམ།  རང་རྟོགས་ཀྱིས་དཔྱད་ཞིབ་བྱེད་པའི་ཐབས་ལམ་བཅས་བཀོལ་བ།

དྲུག    སློབ་ཁྲིད་བརྒྱུད་རིམ།

 ཁྲིད་ཡུན་ཐུན་གསུམ་ཡིན་ལ་འདིར་དེ་རིང་དབྱེ་ཞིབ་བྱེད་པའི་ནང་དོན་ནི་ཐུན་གཉིས་པ་ཡིན།

ཁྲིད་ཆས།   སྨྱན་མང་གཟུགས་ཀྱི་ཁྲིད་ཆས་བཟོ་སྒྲུབ་བྱས་ནས་བཀོལ་བ།

  བསྐྱར་ཞིབ།

ཁྲིད་ཟིན་པའི་མིང་ཚིག་ཐད་ནས་དྲི་བ་འདོན་པ།

  སྔོན་སྦྱང་བྱས་པ་ལ་རྒྱུས་ལེན་པ།

སློབ་ཚན་འདིར་གཏམ་རྒྱུད་ཅི་ཞིག་བྲིས་ཡོད་པ་དང་མཇུག་འབྲས་ཅི་འདྲ་རེད་སོགས་ལྟར་དྲི་བ་འདོན་པ།

  ཁ་བྱང་ལ་དོགས་སློང་བྱེད་པ།

སློབ་མར་ཁ་བྱང་མཐོང་རྗེས་རང་ཉིད་ལ་དོགས་སློང་ཅི་ཞིག་ཡོད་པའམ་ཤེས་ན་འདོད་པ་ཅི་ཞིག་ཡོད་པ་སོགས་དྲི་བ་འདོན་དུ་འཇུག་པ།

  ནང་དོན་དངོས།

ཁག་རེ་རེ་བཞིན་དྲི་བ་སྣ་ཚོགས་དང་ཀློག་འདོན་འདྲ་མིན་བྱེད་དུ་བཅུག་ནས་སྦྱོང་བ།

གནད་དོན་སྣ་ཚོགས་ཐག་གཅོད་བྱེད་དགོས་པའི་རེ་འདུན་བཏོན་ནས་ཀློག་འདོན་སྦྱང་བརྡར་བྱེད་པ་གནད་དུ་བཟུང་ཞིང་ཀློག་འདོན་གྱི་ཆེད་དུ་ཀློག་འདོན་བྱས་ནས་སྟོང་འདོན་བྱེད་མི་རུང་ལ་སློབ་ཆུང་སློབ་མའི་འཇོན་ནུས་སུ་འདུ་བའི་གནད་དོན་འདོན་པ་དང་་དམིགས་ཡུལ་ཡོད་པའི་སྒོ་ནས་ཀློག་འདོན་བྱེད་པའི་ནུས་པ་སྐྱེད་སྲིང་བྱེད་པ།

གལ་ཏེ་གཡང་ཁོ་ང་ཚོའི་ཉེ་འགྲམ་ལ་ཡོད་ན་གནས་ཚུལ་ཅི་ཞིག་འབྱུང་སྲིད་པ་སོགས་ཀྱི་དྲི་བ་བཏོན་ནས་དེའི་ཐད་ལ་སློབ་གྲོགས་ཕན་ཚུན་བར་ལྟ་ཚུལ་བརྗོད་དུ་བཅུག་པར་བརྟེན་འཆར་ཡན་བྱེད་པའི་ནུས་པ་སྐྱེད་སྲིང་བྱེད་པ།

  ཚིག་དོན་ལ་གོ་བ་ལེན་པ།

སློབ་མའི་སྐད་ཆ་བཤད་པའི་ནུས་པ་དང་ཚིག་ངོས་ཀྱི་ནང་དོན་ལ་གོ་བ་ལོན་དུ་འཇུག་པ་གནད་ལ་འཛིན་པ།

༦ ནང་དོན་གནད་བསྡུས།

སྨྱན་མང་གཟུགས་བེད་སྤྱད་ནས་སློབ་མར་ཐུན་འདིར་སྦྱང་བའི་ནང་དོན་ཕྱོགས་སྡོམ་བྱས་ནས་སྲ་བརྟན་བྱེད་ཆེད་དུ་འགྲེམ་སྟོན་བྱེད་པ།

  ནང་དོན་རྒྱ་བསྐྱེད་པ།

གལ་ཏེ་གཡང་ཁོར་ཆ་རྐྱེན་བཟང་བོ་ཞིག་ཡོད་ན་ཁོ་ནི་མི་ཇི་ལྟ་བུ་ཞིག་ཏུ་འགྱུར་ངེས་རེད་ཅེས་དྲི་བ་བཏོན་ནས་སློབ་མར་འཆར་ཡན་བྱེད་དུ་བཅུག་ནས་དྲི་ལན་འདེབས་སུ་འཇུག་པ།

བདུན།   སློབ་ཁྲིད་ཇུས་འགོད་འདི་ལྟར་བྱེད་དགོས་པའི་རིག་ལམ་གསལ་བཤད།

རང་རྒྱལ་གྱི་སློབ་གསོ་བ་ཆེན་མོ་ཡེ་ཧྲིན་ཐའོ་ཡིས་ཁྲིད་པ་ནི་མི་ཁྲིད་པའི་ཆེད་དུ་ཡིན། ཞེས་གསུངས་བ་བཞིན་ཇུས་འགོད་འདིར་གཙོ་བོ་སློབ་མའི་རང་རྟོགས་དང་རང་རྐྱ་འཕེལ་བའི་ངང་ནས་སློབ་སྦྱོང་བྱེད་པའི་ཐབས་ལམ་སྣ་ཚོགས་གསོ་སྐྱོང་བྱེད་པར་དམིགས་ནས་བཀོད་སྒྲིག་བྱས་པ་ཡིན་ལ།  དགེ་རྒན་གྱིས་ཁྲིད་སྟེགས་སྒེར་འཛིན་བྱེད་པའི་རྣམ་པ་ལས་བརྒལ་ཐུབ་པའི་ཕྱིར་སློབ་ཐུན་ཡོངས་ལ་བགྲོ་གླེང་དང་གྲོས་བསྡུར་བྱེད་པ་སོགས་མཉམ་ལས་ཀྱི་བྱ་འགུལ་མང་ཙམ་སྤེལ་ནས་སློབ་མ་གཙོ་གཞི་ཡིན་པའི་ཆ་དེ་མངོན་ཅི་ཐུབ་བྱས་ཡོད་དོ།

deqing | རྩོམ་ཡོངས་ཀློག་པ།(985) | ལན་སློག(5)
ཁྲིད་ཇུས་ཤིག
2012-9-17 19:25:52
 

ཁྲིད་བྱང་།  ༡༦ རོལ་མོ་བ་ཆུང་ཆུང་གཡང་ཁོ།

སློབ་ཁྲིད་དམིགས་ཚད།

  ཤེས་བྱའི་དམིགས་ཚད།

སློབ་ཚན་སྒྲ་དག་ཅིང་བརྩེ་དུང་ལྡན་པའི་སྒོ་ནས་ཀློག་འདོན་ཐུབ་དགོས་པ་དང་ཡིག་

གསར་དག་གི་འབྲི་ཀློག་དོན་གསུམ་བྱང་ཆུབ་པར་བྱེད་པ།

རྩལ་ནུས་ཀྱི་དམིགས་ཚད།

གཡང་ཁོའི་སྐད་ཆ་དང་བྱ་སྤྱོད།རོལ་མོ་ལ་དགའ་བའི་བརྩེ་དུང་བཅས་ལ་དམིགས་ནས་

རོལ་མོ་བ་ཆུང་ཆུང་གཡང་ཁོ་བརྩམས་པའི་གོ་རིམ་དང་ནང་དོན་གྱི་གོ་བ་ལོན་དགོས་ཤིང་། ཡིད་འཕྲོ་བ་དང་འཆར་སྣང་བྱེད་པའི་ནུས་པ་སྐྱེད་སྲིང་བྱེད་དགོས། 

བརྩེ་སེམས་དམིགས་ཚད།

སློབ་ཚན་བསླབས་པ་བརྒྱུད་ནས་ཆགས་སྡང་གསལ་བའི་བརྩེ་དུང་གི་སློབ་གསོ་ཐོབ་

སྟེ།མུན་ནག་སྤྱི་ཚོགས་ཀྱི་ངོ་བོ་དང་ནག་ཉེས་ངོས་འཛིན་པ།སྤྱོད་ཚུལ་ངན་པ་ལ་ཞེ་སྡང་སྐྱེས་པའི་ངོས་ཟིན་ཐོབ་དགོས།

སློབ་ཁྲིད་གཙོ་གནད།

རྒྱུ་རྐྱེན་གང་དག་གིས་གཡང་ཁོ་རོལ་མོ་ལ་ཧ་ཅང་དགའ་བ་མཚོན་ཡོད་པ་དེ་ཡིན།

སློབ་ཁྲིད་དཀའ་གནད།

སྐབས་དེའི་སྤྱི་ཚོགས་ཀྱི་ངོ་བོ་དང་ནག་ཉེས་ལ་ངོས་འཛིན་དུ་འཇུག་པ་དེ་ཡིན།

ཁྲིད་ཆས་གྲ་སྒྲིག

སྨྱན་མང་གཟུགས་ཀྱི་ཁྲིད་ཆས་བཟོ་སྒྲིག་བྱས་ནས་བཀོལ་བ།

ཁྲིད་ཡུན།

ཁྱོན་སྡོམ།ཐུན་གསུམ་བཀོལ་བ། འདིར་ཐུན་གཉིས་པ་ཞིབ་འབྲི་བྱས་ཡོད་པ།

སློབ་ཁྲིད་བརྒྱུད་རེིམ།

བསྐྱར་ཞིབ།

ཡིག་གསར་ནང་དོན་ལ་འགྲེལ་རྒྱག་ཏུ་འཇུག་པ།

རམ་འདེགས།  སྐགས་འཆིང་།  ལྷ་ང་།  ཐུན་པ།

སྔོན་སྦྱང་བྱས་པ་ལ་རྒྱུས་ལེན་པ།

སློབ་ཚན་འདིར་གཏམ་རྒྱུད་ཅི་ཞིག་བྲིས་ཡོད་ཅེས་དྲི་བ་འདོན་པ་དང་སློབ་མའི་སྔོན་ སྦྱང་བྱས་པ་བཟང་མིན་རྒྱུས་ལོན་བྱེད་པ།

ཁྲིད་བྱང་འདྲེན་པ།ཁ་བྱང་ལ་དོགས་སློང་བྱེད་དུ་འཇུག་པ།  འདིར་གཙོ་བོ་སློབ་མར་ཁ་བྱང་མཐོང་རྗེས་རང་ཉིད་ལ་དོགས་སློང་ཅི་ཞིག་ཡོད་པའམ་ཤེས་ན་འདོད་པ་ཅི་ཞིག་ཡོད་པ་དེ་དྲི་བ་འདོན་དུ་འཇུག་པ།

སློབ་ཁྲིད་གསར་བར་ཞུགས་པ།

སློབ་ཚན་ཡོངས་ཁག་ལྔ་ལ་བགོས་ཡོད་པ་དང་འདིར་གཙོ་བོ་ཁག་དང་པོ་ནས་གསུམ་པའི་བར་སློབ་སྦྱོང་བྱེད་པ་དེ་ཡིན།

ཁག་དང་པོ་སློབ་སྦྱོང་།

སློབ་མར་རང་མོས་ཀྱིས་ཀློག་འདོན་བྱེད་དུ་འཇུག་པ།

བསམ་གཞིགས་བྱེད་ས།

༡ གཡང་ཁོའི་ཁྱིམ་ཚང་གི་གནས་ཚུལ་ཅི་འདྲ་རེད།

༢ གཡང་ཁོ་ནི་བྱིས་པ་ཅི་འདྲ་ཞིག་རེད།

དགེ་སློབ་གཉིས་ཀྱིས་མཉམ་ལས་བྱས་ནས་གནད་དོན་དག་ཐག་གཅོད་བྱེད་དུ་འཇུག་པ།

ཁག་གཉིས་པ་སློབ་སྦྱོང་།

ཚན་ཆུང་ཞིག་ལ་ལས་འགན་སྤྲད་ནས་ཀློག་འདོན་བྱེད་དུ་འཇུག་པ་དང་རེ་འདུན་ནི་ཚན་པ་འདིར་གཙོ་བོ་ཅི་ཞིག་བྲིས་ཡོད་པ་སློབ་མ་རང་ཉིད་ལ་བསམ་གཞིགས་བྱེད་དུ་

བཅུག་ནས་ཕྱོགས་སྡོམ་བྱེད་དགོས་པ།

རོལ་མོ་ལ་དགའ་བ། 

ཚན་ཆུང་བར་གྲོས་བསྡུར་བྱས་ནས་གཡང་ཁོ་རོལ་མོ་ལ་དགའ་བ་ཕྱོགས་གང་དག་ནས་ཤེས་ཐུབ་པ་བཤད་དུ་འཇུག་པ།སློབ་གྲོགས་ཕན་ཚུན་བར་ཁག་འདིའི་ནང་དོན་ལས་དྲི་གཞི་སྣ་ཚོགས་འདོན་དུ་འཇུག་པ།

ཁག་གསུམ་པ་སློབ་སྦྱོང་།

དགེ་རྒན་གྱིས་ཀློག་འདོན་བྱས་ནས་སློབ་མར་མྱོང་རོལ་བྱེད་དུ་འཇུག་པ་དང་གཤམ་གྱི་གནད་དོན་དག་སློབ་མར་ཐག་གཅོད་བྱེད་དུ་འཇུག་པ།

༡ ཁག་གསུམ་པའི་ནང་དོན་གནད་བསྡུ་དགོས་པ།

༢གཡང་ཁོའི་བསམ་པར་མགྲོན་ཁང་གི་ཀ་བ་ཡོད་ཚད་ཀྱིས་བྲོ་འཁྲབ་ཅིང་གླུ་ལེན་པ་

དང་། རོལ་མོ་དཀྲོལ་གྱིན་འདུག་ཅེས་པའི་ཚིག་ལ་གོ་བ་ལོན་པར་བྱེད་པ།

༣ མགུལ་སྦྲེང་གི་སྒྲ་ནི་ཅི་འདྲའི་སྙན་ཞིང་འཇེབས་པ་ཞིག་རེད་ཨང་། རང་གི་ཡོད་ཚད་བྱིན་ནས་བརྗེ་བར་འདོད།  ་་་་་་་་་་་ཐ་ན་ཐེངས་གཅིག་རེག་པ་ཙམ་གྱིས་ཀྱང་ཁོའི་འདོད་པ་ཚིམ་ངེས་རེད།ཞེས་པའི་ཚིག་དག་གི་ཅི་ཞིག་མཚོན་ཡོད་པ་ཤེས་སུ་འཇུག་དགོས་པ།

དེ་ལས་་་་་་་་་་་་ཅི་འདྲའི་་་་་་་་་ཨང་།་་་་་་་རེག་པ་ཙམ་་་་་་་་འདོད་པ་་་་ཞེས་པ་བཀོལ་ནས་

སློབ་མར་ཚིག་སྒྲིག་ཏུ་འཇུག་པ་།

སྲ་བརྟན།

གཤམ་གྱི་གནད་དོན་ལ་གྲོས་བསྡུར་བྱེད་དུ་འཇུག་པ།

༡ གཡང་ཁོའི་ལས་དབང་ལས་ཁྱོད་ཀྱིས་ཅི་ཞིག་རྟོགས་བྱུང་།

༢ ཚང་མས་གཡང་ཁོ་ལ་རོལ་མོ་བ་ཆུང་ཆུང་ཞེས་འབོད་དོན་ཅི་ཡིན།

ལས་བྱ་བཀོད་སྒྲིག

ཁག་བཞི་བ་དང་ལྔ་བར་སྔོན་སྦྱང་བྱེད་པ།

པང་བྲིས་བཀོད་སྒྲིག

     ༡༦  རོལ་མོ་བ་ཆུང་ཆུང་གཡང་ཁོ།

ཁག་དང་པོ། དབུལ་ཕོངས་ཀྱི་འཚོ་བ། ༡ གར་འགྲོ་འདིར་འདུག་མེད།

                     ༢ བྱ་འདབ་ཀྱི་ཁུག་རྟ་དང་འདྲ།

ཁག་གཉིས་པ། རོལ་མོ་ལ་དགའ་བ། ༡ གར་སོང་ས་ནས་རོལ་མོ་དཀྲོལ་བ་ཐོས་བ།

                    ༢ སྒྲ་ཐམས་ཅད་རོལ་མོ་ཡིན་པ།

ཁག་གསུམ་པ། མགུལ་སྦྲེང་བཟོས་པ། ༡ སྡོང་ཤུན་དང་རྟ་རྔས་བཟོས་པ།

                     ༢ དུག་སྦྲང་གི་སྐད་དང་འདྲ་བ།

                     ༣ སྒྲ་མི་ཡག་པ།

deqing | རྩོམ་ཡོངས་ཀློག་པ།(930) | ལན་སློག(0)
གླེང་བར་འདོད་པའི་མཐོང་ཐོས་མྱོང་གསུམ།
2012-7-1 13:05:24
 

གླེང་བར་འདོད་པའི་མཐོང་ཐོས་མྱོང་གསུམ།

ཉིན་ཤས་ཀྱི་སྔོན་ལ་ང་རང་གྲོགས་མོ་ཞིག་དང་འགྲོགས་ནས་ཁོ་མོའི་ཕུ་བོ་ཚང་ཞིག་ལ་མགྲོན་དུ་སོང་བ་ཡིན།  ངེད་གཉིས་དེ་ཚང་གི་ཁྱིམ་ལ་འཛུལ་སྐབས་ཁྱིམ་ནང་ན་ཁོ་མོའི་ཕུ་བོ་དང་ཕུ་བོའི་བཟའ་ཟླ་གཉིས་ཀྱིས་མ་ཎི་འདོན་ཞོར་བརྙན་འཕྲིན་ལ་བལྟས་ནས་བསྡད་ཡོད།   ངེད་གཉིས་ཁྱིམ་ལ་ཐོན་པ་མཐོང་རྗེས་བཟའ་མི་དེ་གཉིས་ཀྱིས་ངེད་གཉིས་ལ་འཚམས་འདྲི་བྱེད་པ་དང་དཀར་ཡོལ་ནང་དུ་འོ་ཇ་དཀར་པོ་བླུགས་ནས་དྲངས་བྱུང་།

            ང་ཚོས་མཉམ་དུ་ཁ་བརྡ་གློད་ནས་བསྡད་ཡོད་སྐབས་དེ་ཚང་གི་ཁང་མིག་གཞན་ཞིག་ནས་གསར་བུ་ལོ་ན་ཉི་ཤུ་ཡས་མས་ཅན་ཞིག་ཕྱིར་ང་ཚོ་བསྡད་ཡོད་པའི་ཁང་བའི་ནང་དུ་བུད་བྱུང་།   ཕལ་བལྟས་ཚོད་ལ་རྒྱ་ཞིག་མིན་ནམ་སྙམ།   སྐབས་དེར་ངའི་གྲོགས་མོས་བོད་མིང་ཞིག་བཟུང་ནས་ཁྱོད་ནམ་ཐོན་པ་ཡིན་ཞེས་དྲིས་བྱུང་།   གསར་བུ་དེ་ནི་ཁྱིམ་ཚང་དེའི་བུ་ཆེ་བ་དེ་ཡིན་པ་ཤེས་སོང་།  གྲོགས་མོས་བཤད་པ་ལྟར་ན་ད་དུང་བུ་ཆུང་བ་ཞིག་ཡོད་པ་དེ་རྒྱ་ནང་དུ་སློབ་གྲྭ་འདོན་བཞིན་ཡོད་ཟེར།  བུ་ཆེ་བ་དེ་ལོ་གསུམ་གྱི་སྔོན་ལ་ཞིང་ཆེན་གཞན་པ་ཞིག་གི་དམག་དཔུང་དུ་ཞུགས་ནས་ད་ལྟ་ཕྱིར་ཐོན་ཡོད་པ་འདི་རེད་ཅེས་ང་ལ་ངོ་སྤྲོད་བྱས་བྱུང་།  འོན་ཀྱང་། དེ་ལྟར་ངའི་གྲོགས་མོས་གསར་བུ་དེའི་མིང་གི་བཟུང་ནས་ཁོ་རང་གི་གནས་ཚུལ་བཤད་ཀྱང་འཛུམ་ཆུང་རེ་གྲོལ་བ་ལས་ཅི་ཡང་མི་ཟེར།  ཡང་ངའི་གྲོགས་མོས་ཁྱེད་རང་དམག་གི་ནང་ནས་རྩལ་སྦྱང་བྱེད་རྒྱུའི་ཐད་ནས་དཀའ་ཁག་མང་པོ་འཕྲད་སོང་ངམ་ཞེས་དངོས་སུ་ཁོ་རང་ལ་ཁ་ཐད་ངོ་ཐད་ནས་དྲིས་ཚེ་ལན་ཅི་ཡང་མི་འདེབས།   སྐབས་དེར་ཁོའི་ཨ་ཕས་རྒྱ་སྐད་ཤོད་མ་གཏོགས་བོད་སྐད་བརྗེད་འདུག་ཟེར།  དེ་ནས་ཁོ་ཚོས་རྒྱ་སྐད་ཀྱི་ལམ་ནས་ཁ་བརྡ་བྱས་བྱུང་།   སྐབས་དེར་གསར་བུ་དེ་ལ་རྣམ་རིག་ཞིག་ཐོན་ནས་ཁ་བརྡ་བྱས་པ་དེ་ནི་ཆུ་བཞུར་བ་དང་འདྲ།  ཁོ་རང་དམག་ནང་ནས་འགྲོ་འདུག་ཉལ་འཆག་སོགས་སྙན་ཞུ་འབུལ་བ་བཞིན་གཅིག་རྗེས་གཉིས་མཐུད་ངང་ལབ་བྱུང་།   གཞན་ད་དུང་ཁོ་རང་གི་ཕ་མ་གཉིས་དང་ཨ་ནེ་དག་གི་མདུན་ནས་དགའ་རོགས་སྒྲིག་ཚུལ་སོགས་དོགས་ཙམ་ཡང་མེད་པར་ལབ་བྱུང་བས་ཁོའི་ཨ་མས་འཛིང་ནས་བརྗོད་དུ་མ་བཅུག  བྱིས་པའི་སེམས་གཏིང་ནས་རྩམ་དྲི་མར་དྲི་དག་གཙང་བཀྲུ་བྱས་ཟིན་པས་ད་གསར་བུ་འདིའི་ཕ་མ་གཉིས་ནམ་ནམ་ཞར་ཞར་ལ་ཁོ་དང་འགྲོགས་ནས་འདི་ལྟར་ཁོའི་བྱ་སྤྱོད་ལ་ཚོད་འཛིན་བྱེད་ཐུབ་བམ།   དེ་ནས་ངའི་གྲོགས་མོས་ཁྱོད་ཀྱིས་སྐྱབས་འགྲོ་འདོན་ཤེས་སམ་ཞེས་དྲིས་ཚེ།   ཁོ་རང་དགོད་ཞོར་རྒྱ་སྐད་ཀྱི་ལམ་ནས་དེ་ཅི་ཞིག་རེད་ཅེས་བཤད་བྱུང་།  གྲོགས་མོའང་ཁུ་སུམ་མེར་བཏང་བྱུང་།

            གནས་ཚུལ་འདི་དང་འདི་བཞིན་པ་ཁྱིམ་ཚང་དེ་གཅིག་པུ་མ་ཡིན་པར་ང་རང་ཚོའི་མཐའ་འཁོར་ན་མང་བོ་ཡོད་པ་རེད།   རང་གི་བུ་རྒྱུད་ལ་རང་སྐད་ཀྱང་བརྗེད་དུ་བཅུག་བཞག་པ་དེ་བྱིས་པ་ཚོ་ལ་འགན་ཅི་ཡང་མེད་པར་ཚང་མ་བྱིས་པ་དེ་ཚོའི་ཕ་མའི་ནག་ཉེས་སུ་བགྲང་ཆོག་སྙམ།  ང་ཚོས་འདི་ནས་གསར་བུ་འདིའི་མི་ཚེ་ལ་རྒྱང་ལྟ་རེ་བྱས་ན་འཇིགས་སུ་རུང་བའི་སྣང་ཚུལ་ཞིག་མཐོང་ཐུབ། དེ་ནས་ཁོའི་བུ་རྒྱུད་ཀྱི་གནས་ཚུལ་ནི་དེ་བས་ཀྱང་ཡ་ང་བ་ཞིག་ཏུ་འགྱུར་སྲིད་པ་མ་ཡིན་ནམ། མུ་མཐུད་དུ་འུ་ཚོས་འདི་ལྟར་བྱས་ན་མི་རིགས་ཤིག་གྲུབ་བྱེད་ཀྱི་ཁྱད་ཆོས་ཡོད་ཚད་དེ་མི་རབས་གསུམ་གྱི་ནང་ཤེས་མེད་ཚོར་མེད་ངང་རྩ་མེད་དུ་གཏོང་སྲིད།  

             བོད་མིང་ཁོ་ན་རེ་ཡོད་པ་ཙམ་གྱི་རང་ཉིད་བོད་ཡིན་ཞེས་གླེང་བར་ཕོད་དམ།    མི་རིགས་ཤིག་གི་སྐད་དང་ཡི་གེ་ཡུལ་སྲོལ་གོམས་གཤིས་སོགས་བོར་བརླག་ཏུ་བཏང་ཤུལ་ན་མི་རིགས་དེ་ལ་ཅི་ཞིག་ལྷག་ཡོད།    ཕྱི་རབས་པ་ཅི་འདྲ་ཞིག་སྐྱོང་རྒྱུ་ཡིན་པ་གཙོ་བོ་ཕ་མ་ལ་ཐུག་ཡོད་པས་ད་ལྟ་དངོས་སུ་རང་གི་རིགས་རྒྱུད་སྐྱོང་བཞིན་པའི་ཕ་མ་དང་ཕ་མ་ལ་འགྱུར་བར་གྲ་སྒྲིག་བྱེད་བཞིན་པའི་གསར་བུ་གསར་མོ་སུ་ཞིག་ཡིན་ཀྱང་དོན་དག་འདི་ནི་ང་ཚོས་ངེས་པར་ཏུ་བསམ་གཞིགས་གཏོང་བྱའི་གནས་ཤིག་དང་ཕྲག་ཏུ་བབས་པའི་འགན་ཞིག་ཏུ་བརྩིས་ནས་མཐོང་ཆེན་བྱེད་འོས་སོ།

deqing | རྩོམ་ཡོངས་ཀློག་པ།(1279) | ལན་སློག(11)
དབུས་ལམ་རིང་མོ།
2012-6-23 13:37:56
 

དབུས་ལམ་རིང་མོ།

ངའི་འཆར་ཡན་གྱི་ཀློང་ན་ལྗང་མདོག་གིས

འཚེར་བའི་ཡུལ་གྲུ་ཞིག

ངའི་ཕུགས་བསམ་གྱི་ཁྲོད་ན

མཛུབ་སྟོན་ལ་ཕྱུག་པའི་དམ་པ་ཞིག

གནས་དེར་ལྗིད་ཏིག་ཏིག་གི་ཁུར་བོ་ལྷག་ཡོད

མེ་ཏོག་གི་ཆར་བ་འབབ་མྱོང་བའི་ཕ་ཡུལ་ནས

ཡུལ་མི་ཚོའི་སེམས་ཀྱི་དབུས་ལམ་རིང་མོ་དེ

སྐད་ཅིག་སྐད་ཅིག་ཁྲོད

བོར་བརླག་ཏུ་འགྲོ་བར་བྲེལ

མེས་པོ་ཚོས་ལུས་ཟུངས་བརྐྱངས་བསྐུམས་ཀྱི་བར་གླེགས་ན

རྟག་བརྟན་གྱི་འགྱུར་མེད་འཚོལ་སྙེགས་ཤིག་གིས

གཟེར་གྱིན་ཡོད་པ་ཚོར་ཐུབ

སྐབས་སྐབས་སུ་དབུས་ལམ་རིང་མོ་དེ

འུ་ཚོའི་དད་འདུན་ཀློང་གི་རྒྱབ་རི་བརྟན་པོ་ཞིག

སེམས་དང་སེམས་པའི་གསེང་ནས་འཛེགས་པའི

་ཁྲག་ཐིགས་རྡོག་པོ་གཅིག་ཏུའང་འཁུམས

རྐྱེན་དེའི་ཕྱིར

རྒྱང་རིང་གི་རྨི་ལམ་ལྟ་བུའི་གནས་དེར

འུ་ཚོའི་རང་ཉིད་གཏོགས་པའི་ཡོད་ཚད་གཏའ་མ་ལ་བཞག་ནས

རེ་སྙེགས་ཀྱི་ལམ་བུར་ཞུགས་འོས

deqing | རྩོམ་ཡོངས་ཀློག་པ།(850) | ལན་སློག(0)
དྲན་པའི་ལེའུ།
2012-5-24 12:49:47
 

                                                                                                                        དྲན་པའི་ལེའུ།

                      དངོས་ཡོད་ཀྱི་འཚོ་བས་ང་ཚོར་རྟོག་འཆར་ཅི་ཡང་མ་བསྩལ

                     བརྗོད་དབང་མེད་པའི་ངའི་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང

                    ཁྱོད་ཀྱི་སྙིང་ཁོང་ན་གསལ་ཞིང་འཚེར

                    ང་ཚོ་ནི་དུས་ཚོད་ཀྱི་དགྲ་རུ་ལངས་བའི་མི་ཚོགས་ཀྱི་གྲལ་ན

                    རང་གི་ཡོད་ཚད་ཅི་ཞིག་གི་ཆེད་དུ་འབུལ་བར་བརྩོན

                    ངའི་སེམས་ཀྱི་ཀ་བ

                    དཔའ་བོའི་ལོ་རྒྱུས་རིང་མོ་ཞིག

                    ངས་དངོས་སུ་མཐོང་བྱུང་བྱུང

                    ངས་དངོས་སུ་མྱང་བྱུང

                    རྐྱེན་དེའི་ཕྱིར

                    ངས་ཡོད་ཚད་ཤེས་ཡོད

                    ཐམས་ཅད་རྟོགས་ཡོད

                    སེམས་ཀྱི་ཡུལ་གྲུ་འདིར

                    དྲན་པ་ནི་ཆེས་མཛེས་བའི་ཡུལ་ལྗོངས་ཤིག་རེད་བཞག

                    དྲན་པ་ནི་ཆེས་བཟོད་གླགས་དཀའ་བའི་

 མནར་གཅོད་ཅིག་རེད་བཞག

                   ཡིན་ཡང

                  ང་ཚོར་སྒལ་ཚིགས་ཡོད

                  ང་ཚོར་རྣམ་ཤེས་ཡོད

                  འདས་མ་ད་གསུམ་ལ་འགྱུར་མེད་ཀྱི་སེམས་ཡོད་ན

                  དེ་ཙམ་གྱིས་མགུ་ཆོག་ཆོག་མ་ཡིན་ནམ

                  ངའི་སེམས་ཀྱི་ཁྱོད་རང

                 ནམ་ཡང་དྲན་པའི་ཟབ་ས་ན་ཡོད་ལགས

deqing | རྩོམ་ཡོངས་ཀློག་པ།(892) | ལན་སློག(1)
མཛེས་རྩལ་དང་གླུ་དབྱངས་བསླབ་ཚན་གྱི་གལ་ཆེའི་རང་བཞིན་རགས་ཙམ་བརྗོད་པ།
2012-5-21 7:42:27
 མཛེས་རྩལ་དང་གླུ་དབྱངས་བསླབ་ཚན་གྱི་གལ་ཆེའི་རང་བཞིན་རགས་ཙམ་བརྗོད་པ།

རང་རྒྱལ་གྱི་ནང་ལོག་ས་ཁུལ་སོགས་ན་བསླབ་ཚན་གསར་བའི་སློབ་ཁྲིད་བྱེད་ཐབས་སོགས་ལག་བསྟར་བྱེད་བཞིན་པའི་ཚ་ཚ་འུར་འུར་གྱི་དུས་རླབས་འདི་ལའང་ད་དུང་འབྲོག་ཁུལ་སློབ་གསོའི་ཁྲོད་མཛེས་རྩལ་དང་གླུ་དབྱངས་བསླབ་ཚན་ལ་མཐོང་ཆེན་བྱེད་པའི་ཚད་དེ་ཧ་ཅང་གཉོམ་འདུག་པས།  རྐྱེན་འདིའི་ཐད་ནས་རང་གིས་བསམ་ཚུལ་ཕྲན་ཙམ་རེ་བརྗོད་པར་འདོད།

གཞི་རིམ་གྱི་སློབ་གྲྭའི་ཁྲོད་མཛེས་རྩལ་དང་གླུ་དབྱངས་བསླབ་ཚན་འདི་དག་ལ་དགེ་རྒན་རང་ངོས་ནས་ངོས་འཛིན་བྱས་པའི་ཚད་མི་མཐོ་བ་དང་བསླབ་ཚན་འདི་དག་གི་ནུས་པ་སྔོག་འདོན་བྱས་པའི་ཚད་ཧ་ཅང་ཉག་ཕྲ་བ་རེད།  སྤྱིར་བསླབ་ཚན་འདི་གཉིས་ནི་མིག་ཤེས་དང་རྣ་ཤེས་ཀྱི་མྱོང་རོལ་ཡིན་པ་དང་མཛེས་དཔྱོད་ཀྱི་ལྟ་བ་གསོ་སྐྱོང་བྱེད་པའི་ཐབས་ལམ་ཡང་དག་པ་ཞིག་དང་།  ཡང་ན་བསླབ་ཚན་འདི་གཉིས་ལ་སྦྱང་བ་བྱས་ན་སློབ་མར་ཆུང་དུས་ནས་སྒྱུ་རྩལ་གྱི་ཞིང་ཁམས་ལ་ངོས་འཛིན་ཐེབས་བྱེད་ཀྱི་ཐེམ་སྐས་དང་བོའང་ཡིན་ལ། སློབ་མའི་བསམ་པའི་དཔལ་ཡོན་གྱ་ནོམ་པ་དང་སེམས་ཁམས་དྭངས་གཙང་ལ་སྒྱུར་བྱེད་ཅིག་ཀྱང་ཅི་ལ་མིན། བསླབ་ཚན་འདི་གཉིས་ནི་སློབ་ཆུང་སློབ་མས་ཆེས་དགས་བསུ་བྱེད་པའི་སྦྱང་འདོད་ཀྱི་བསླབ་ཚན་གྱི་གྲས་སུ་ཡོད་པས།  ལེགས་ཆ་འདི་བེད་སྤྱོད་འོས་འཚམས་བྱས་ཏེ་སློབ་ཆུང་སྐབས་ནས་བཟུང་ཕྱོགས་ཡོངས་ཀྱི་ནུས་རྩལ་སྦྱོང་བརྡར་བྱས་ན་སྣ་འཛོམས་ཅན་གྱི་འཇོན་མི་སྐྱེད་སྲིང་བྱེད་པའི་ཐོག་མའི་བགྲོད་ལམ་བཏོད་བཞིན་པ་མ་ཡིན་ནམ། དེང་རབས་ཀྱི་སྤྱི་ཚོགས་འདིར་ཐ་སྙད་ཀྱི་རོལ་རྩེད་ཤེས་མཁན་མང་དྲགས་འདུག་ལ་གྲངས་རིག་རྐྱང་བའི་ཀླད་པ་ཅན་ཡང་མི་ཉུང་བས་སྒྱུ་རྩལ་ཕྲ་ཕུང་གིས་ཕྱུག་པའི་མི་སྣ་ཇི་འདྲའི་མཁོ་ཨང་།

   སློབ་ཆུང་སློབ་མའི་རང་བཞིན་ནི་འགུལ་ལ་དགའ་བ་དང་རྩེད་ལ་དགའ་བ་ཡིན་པས།  བསླབ་ཚན་དེ་གཉིས་ཀྱང་དེ་འདྲའི་འུར་ཟིང་གི་ཁོར་ཡུག་ཁྲོད་ནས་འཁྲུག་ཆ་དོད་པོའི་ངང་སྦྱང་བརྡར་བྱས་ཆོག  སློབ་མ་ཡོངས་ཀྱི་སློབ་སྦྱོང་གི་སྤྲོ་སྣང་སློང་ཐུབ་པས་བསླབ་ཚན་གཞན་དག་སློབ་པའི་གེགས་མ་ཡིན་པར་གྲོགས་སུ་གྱུར་འདུག དེའི་ཕྱིར། དགེ་རྒན་རང་ངོས་ནས་བསླབ་ཚན་ཕན་ཚུན་བར་གཙོ་ཕལ་དབྱེ་ནས་བསླབ་ཚན་ལ་ལ་སྦྱང་ན་ཆོག་ལ་མ་སྦྱང་ནའང་ཆོག་པའི་ལྟ་བ་ཕྱོགས་རིས་པ་དེས་སློབ་མའི་དགའ་ཕྱོགས་ལ་ཐག་གཅོད་རང་བཞིན་འདོན་པའི་ཡ་ང་བའི་སྣང་ཚུལ་འདིའི་རིགས་རྩ་བ་ནས་མེད་པར་གཏོང་དགོས།

             གླུ་དབྱངས་ཚོགས་ཐུན་དེ་གླུ་ལེན་པ་ཁོ་ན་ཙམ་མ་ཡིན་པར་རོལ་མོའི་དབྱངས་ཡིག་ཕན་ཚུན་བར་གྱི་སྒྱུར་སྒྲིག་དང་རོལ་ཆས་སྣ་ཚོགས་དཀྲོལ་སྟངས་ལ་སོགས་སྦྱང་བརྡར་བྱས་པ་བརྒྱུད་སློབ་མའི་འཆར་ཡན་གྱི་ནུས་པ་ལ་ཚད་མཐོའི་སྒོ་ནས་གསོ་སྐྱོང་བྱེད་བཞིན་ཡོད་པ་རེད།  མཛེས་རྩལ་ཡང་དེ་དང་འདྲ་བར་རི་མོ་གཅིག་པུ་ཞིག་བཤུ་འབྲི་ཙམ་མ་ཡིན་པར་མཛེས་དཔྱོད་ནུས་པ་དང་ལྟ་ཞིབ་ནུས་པ་སྐྱེད་སྲིང་བྱེད་ཐུབ་ལ་ཚོན་མདོག་གི་འཇིག་རྟེན་ལས་ཚོན་ལྡན་གྱི་མིག་ཟུང་རྙེད་ཐུབ་པས་གཞན་དང་མི་འདྲ་བའི་སྒྱུ་རྩལ་གྱི་ཕྲ་ཕུང་སྐྱེད་སྲིང་བྱེད་པ་དང་རིག་པའི་ཀློང་བརྡོལ་བ་བྱེད་ཐུབ་སོང་བས་དཔེར་ན་འཛམ་གླིང་ལ་མིང་དུ་གྲགས་པའི་མཛེས་རིས་ཏ་ཧྥུན་ཆས་ཡི་མོང་ལྰ་ནའེ་ཧྲ་ཡི་འཛུམ་ཞལ་ལྟ་བུ་བལྟམས་སྲིད་པ་རེད།

                 གཞན།  ང་ཚོའི་འབྲོག་ཁུལ་སློབ་གསོ་ཡི་ངོ་བོ་གཅིག་རྐྱང་རང་བཞིན་རྩ་བ་ནས་འདོར་འདོད་ན་བསླབ་ཚན་འདི་དག་སློབ་ཁྲིད་ཐད་ནས་མཉམ་འཇོག་བྱེད་འོས་སྙམ།

དེ་ཡང་ང་ཚོའི་སློབ་མ་རྣམས་སློབ་ཆེན་འགྲིམ་ཀྱང་ཆེད་ལས་ཐད་ནས་ནམ་ཡང་རྩོམ་རིག་དང་ཡིག་སྒྱུར་སོགས་ལས་མ་འདས་བས་སློབ་མཐར་ཕྱིན་པའི་སློབ་མ་རྣམས་སྤྱི་ཚོགས་ཐོག་ཐོན་ཚེ་དགེ་རྒན་གྱི་ལས་གནས་དང་གཞུང་ཞབས་པའི་ལས་གནས་ཐོག་ཚང་མ་འཚང་ཁ་ཤིག་ཤིག་གིས་རུབ་ཏེ་འགྲན་རྩོད་བྱེད་པའི་དངོས་ཡོད་ཀྱི་གནས་ཚུལ་འདི་ང་དང་ཁྱོད་ཡོད་ཚད་ཀྱིས་མཐོང་བ་ཐེངས་གཅིག་ཙམ་མ་ཡིན་ལགས།  སློབ་ཆུང་སྐབས་ནས་བཟུང་བསླབ་ཚན་འདི་གཉིས་སོགས་ལ་སྦྱང་བརྡར་ཡང་ཡང་བྱས་པ་བརྒྱུད་ཆུང་དུས་ནས་དགའ་ཕྱོགས་མང་བོ་སྐྱེད་སྲིང་བྱེད་ཐུབ་སོང་ན་མ་འོངས་བའི་ལས་གནས་གདམས་གསེས་བྱེད་པའི་ཁྲོད་རང་ཉིད་ལ་ལམ་བུ་གཅིག་མང་སོང་བ་ཡིན་པས་མ་འོངས་མདུན་ལམ་འཚོལ་བའི་ལག་རོགས་སུ་བསྒྱུར་ཐུབ་པར་འབད་དགོས། དེའི་ཕྱིར།  ཆུང་དུས་ནས་བཟུང་མཛེས་རྩལ་དང་གླུ་དབྱངས་སྦྱང་བར་མཐུན་རྐྱེན་སྣ་ཚོགས་སྦྱར་ནས་དུས་རབས་དང་འཚམས་པའི་འཇོན་མི་རེ་རེ་གསོ་སྐྱོང་བྱེད་པར་ཐབས་ཤེས་རྩལ་སྤྲུགས་བྱེད་འོས།

deqing | རྩོམ་ཡོངས་ཀློག་པ།(993) | ལན་སློག(5)
སློབ་མ་ཚོར་དྲན་རྟེན་དུ་ཕུལ་བའི་ཀ་རྩོམ།
2012-5-13 19:23:54
 

སློབ་མ་ཚོར་དྲན་རྟེན་དུ་ཕུལ་བའི་ཀ་རྩོམ 

ཀྭ་ཡེ་གསོན་དང་རིག་པའི་རྣམ་སྤྲུལ་དག

ཁ་ནས་བརྗོད་པ་ཙམ་ནི་མ་ཡིན་པར།

ག་ལ་སོང་ཡང་ཁྱེད་ཚོ་སེམས་ནས་དྲན།

ང་ཡིས་ནམ་ཡང་སྡིགས་དམོད་མང་དྲགས་པས།

ཅ་ཅོ་སྨྲ་འདོད་ཁྱོད་ཚོའི་རྣ་བར་གཟན།

      ཆ་འཕྲིན་ལག་རྩལ་ཡང་ཡང་དགོས་རབས་བཤད།

      ཇ་མ་བྱེད་པ་ཙམ་གྱིས་མི་ཆོག་པར།

      ཉ་མོའི་འཁྱུག་རྩལ་བཞིན་དུ་སློབ་ལ་བརྩོན།

      ཏ་ལེན་ཕྲག་པར་ཁུར་ན་ངོ་ཚ་མིན།

      ཐ་ཤལ་སྤྱོད་པ་སྒྲུབ་ན་ཀུན་གྱིས་མཚང་།

     ད་ལྟའི་དུས་འདིར་བསླུ་བྲིད་མང་བ་ལ།

     ན་ཚོད་གཞོན་པ་ཁྱེད་ཚོས་ལྷག་ཏུ་འཛེམ།

     པ་ཕ་ཨ་མ་ནམ་ཡང་སེམས་ལ་ཟུངས།

     ཕ་རོལ་བྱ་སྤྱོད་ལེགས་ཉེས་བླང་དོར་དགོས།

     བ་མའི་སྤྱོད་སྒོ་བཞིན་དུ་གཞན་ཕན་མཁོ།

     མ་སེམས་ལྟ་བུའི་བྱམས་བརྩེ་ལྡན་པ་ན།

     ཙ་ཏུར་དེང་རབས་ཅན་ལ་ཕན་ངེས་ཡིན།

     ཚ་གྲང་དཀའ་བ་ཁྱད་གསོད་ལག་ལེན་བྱོས།

     ཛ་ཡའི་གསུང་རབ་གང་མང་ཀློགས་པར་མཛོད།

     ཝ་མོ་བཞིན་གྱི་གཡོ་སྒྱུ་རྒྱུད་ལས་སྤོངས།

      ཞྭ་དང་གོས་སོགས་མཛེས་ཆས་བཀླུབས་པ་དང་།

      ཟ་མའི་ཆེད་དུ་ལྟོ་འདུན་ངོམས་པ་ན།

      འ་དང་འོ་ཡིས་འགྱིང་ཉམས་སྟོན་པར་གཟོབ།

      ཡ་རབས་ཕྱོགས་ཀྱི་བྱ་བར་བརྩོན་ལེན་མཛོད།

      ར་བཟི་ཆང་བཟི་མ་བྱེད་སློབ་གྲོགས་ཚོ།

ལ་ལུང་བརྒལ་ཡང་རང་གི་རིགས་མ་བརྗེད།

      ཤ་ཉེ་སྤུན་མཆེད་ཡིན་པས་མཐུན་པར་བྱོས།

      ས་གནས་གཞན་ལ་འགྲིམ་ཡང་ཕན་ཚུན་བར།

      ཧ་ཅང་སེམས་ལ་འཛིན་རོགས་སློབ་གྲོགས་ཚོ།

      ཨ་མས་བུ་ལ་གདམས་པ་མ་ཡིན་ཡང་།

      དགེ་མིང་འཛིན་པ་ཙམ་གྱིས་ཁྱེད་ཚོར་གདམས།

      ཚང་མའི་སེམས་ནས་མ་དོར་གྲོགས་པོ་ཚོ།

deqing | རྩོམ་ཡོངས་ཀློག་པ།(1018) | ལན་སློག(5)
སློབ་གསོའི་སྣང་ཚུལ།
2012-5-13 18:40:52
 

སློབ་གསོའི་སྣང་ཚུལ།

     དེང་སང་ང་ཚོའི་སློབ་གྲྭའི་ཁོར་ཡུག་ན་དགེ་རྒན་ཚོས་རང་ཉིད་བཤམས་སྟོན་བྱེད་པའི་མྱུར་ལམ་ཞིག་རྙེད་སོང་བ་འདྲ།  དེ་ཡང་ཐོག་མར་སྤྱི་བསྒྲགས་སློབ་ཐུན་གྱི་ནུས་པའམ་ཡང་ན་དེ་སྤེལ་བའི་དགོས་པ་སོགས་ལ་གོ་བ་བླངས་པ་གཏིང་མི་ཟབ་པའམ་གོ་བ་ལོག་ནས་བླངས་སོང་བ་མིན་ནམ་སྙམ་པའི་ཚོར་སྣང་རེ་སྐྱེ་རུ་བཅུག་བྱུང་།

          སྤྱིར་སློབ་གྲྭ་ཞིག་གི་ཚེ་སྲོག་གི་རྒྱུན་མུ་ནས་མུ་རུ་མཐུད་བྱེད་དེ་ནི་སློབ་ཁྲིད་སྤུས་ཀ་མཐོ་རུ་གཏོང་རྒྱུ་དེ་ཡིན་པ་ཀུན་གྱིས་ཤེས་གསལ་ལྟར་རེད།  དེའི་ཕྱིར་སློབ་གསོ་ཅུས་དང་སློབ་གྲྭ་སོགས་སོ་སོའི་རབ་དང་རིམ་པའི་སྒོ་ནས་རྩ་འཛུགས་བྱས་ཏེ་སློབ་ཁྲིད་འགྲན་སྡུར་གྱི་བྱེད་སྒོ་སྤེལ་བཞིན་འདུག   དེ་དག་ཐམས་ཅད་ནི་རྗེས་སུ་ཡི་རང་དང་བསྔགས་པའི་མེ་ཏོག་གཏོར་འོས་ཀྱི་བྱ་བ་དོན་སྙིང་ལྡན་པ་རེ་རེད་མོད།  འོན་ཀྱང་།  འགྲན་ཞུགས་པའམ་ཡང་ན་བྱེད་སྒོ་དེ་དག་ལག་བསྟར་བྱེད་མཁན་གྱི་དགེ་རྒན་དེ་ཚོའི་ཁྲོད་ལྟ་བ་ཡང་དག་མ་ཡིན་པ་སོགས་ཡོད་པས་ངས་བརྗོད་འདོད་ཀྱི་དོན་དེ་ད་གཟོད་བྱུང་སོང་བ་ཡང་ཡིན།

           སྤྱིར་འགྲན་སྡུར་ཞིག་ཡིན་ཚེ་དེ་ལ་རྒྱལ་ཕམ་གྱི་དབྱེ་བ་ཡོད་པ་སྨྲོས་མེད་རེད། ཡིན་ཡང་།  སློབ་ཁྲིད་འགྲན་སྡུར་བྱེད་པ་དེ་ང་ཚོའི་རྒྱུགས་རྩལ་འགྲན་པ་དང་སྤོ་ལོ་འགྲན་པ་ལྟ་བུ་ཞིག་ལ་ངོས་བཟུང་ནས་རྒྱལ་ཁ་ཁོ་ན་ལེན་རྒྱུའི་ཆེད་དུ་མི་གཞིའི་གཞི་རྩའི་རྩ་དོན་སོགས་ཡང་བརྗེད་སོང་ན་ག་ལ་འགྲིག་སྟེ་མི་འགྲིག་ཅིང་།  གལ་ཏེ་ཡོད་ཚད་ལ་སྣང་དོགས་མ་བྱས་པར་བྲེལ་ཟིང་ཁྲོད་གྲ་སྒྲིག་འདྲ་མིན་བྱས་པ་དེའི་དབང་གིས་གནས་སྐབས་ལ་རྒྱལ་ཁ་ཞིག་ལོན་སོང་བའམ་ཡང་ན་ཨང་རིམ་ཞིག་གི་ནང་དུ་ཚུད་སོང་ཡང་དེ་ལ་ཕན་པ་མེད།སྙིང་བོ་དབེན་། དགོས་མཁོ་བྲལ།  སློབ་ཁྲིད་འགྲན་སྡུར་བྱེད་པ་དེ་སྤོ་ལོ་འགྲན་པ་དང་མི་འདྲ་བའི་ཕྱིར་གཟབ་ནན་བྱེད་དགོས་ས་མང་པོ་ཡོད་འདུག  རྒྱུ་མཚན་ནི་ང་ཚོའི་འགྲན་ཞུགས་སྐབས་ཀྱི་ལག་ཆའམ་ཡོ་བྱད་དེ་ནི་གཞན་མ་ཡིན་པར་ཚེ་སྲོག་དང་ལྡན་པའི་འཚར་ལོངས་ཁྲོད་ཀྱི་བུ་དང་བུ་མོ་གང་མང་ཞིག་རེད་བཞག

སྤྱི་བསྒྲགས་སློབ་ཐུན་ཟེར་བ་དེ་གཙོ་བོ་སྒོ་འབྱེད་རང་བཞིན་ཅན་གྱི་ཚོགས་ཐུན་ཞིག་ལ་གོ་དགོས་ལ་དེ་འཚོགས་པའི་ནུས་པའམ་དགོས་མཁོ་ནི་སློབ་ཁྲིད་ལ་ཉན་མཁན་གྱི་དགེ་རྒན་དང་ཚོགས་དེ་འཚོགས་མཁན་གྱི་དགེ་རྒན་ཚོའི་བར་ཉམས་མྱོང་བརྗེ་རེས་དང་བསམ་བློ་བརྗེ་རེས།  ཕན་ཚུན་བར་སློབ་སྦྱོང་བྱེད་པ་དང་དགེ་སྤེལ་སྐྱོན་སྤང་བྱས་པ་བརྒྱུད་མཉམ་དུ་ཡར་ཐོན་ཡོང་བའི་ཐབས་ལམ་བཟང་བོ་ཞིག་ཡིན་ལ། སློབ་ཁྲིད་འགྲན་སྡུར་བྱེད་པ་དེ་ཡང་སྤྱི་བསྒྲགས་སློབ་ཁྲིད་ཀྱི་རྣམ་པ་གཞན་ཞིག་རེད་བཞག དེ་གཉིས་ཀྱི་ནུས་པའམ་དམིགས་ཡུལ་སོགས་གཅིག་པ་གཅིག་རྐྱང་ཡིན།  དུས་རྒྱུན་གྱི་ཁྱེད་རང་གི་སློབ་ཁྲིད་ནུས་པ་ངོ་མ་དེ་མངོན་པར་བྱེད་དགོས་པའི་བྱ་ཐབས་ཤིག་ཀྱང་ཡིན། དེ་ལྟར་བྱས་ཚེ་སློབ་ཁྲིད་ལ་ཉན་མཁན་གྱིས་དཔྱད་བརྗོད་བྱས་པ་བརྒྱུད་ཁྱོད་རང་གི་དུས་རྒྱུན་སློབ་ཁྲིད་ཁྲོད་དོ་སྣང་བྱེད་དགོས་ས་དང་རྒྱུན་བསྲིངས་ཆོག་པའི་ལེགས་ཆ་དག་གསལ་བོར་ཤེས་ཐུབ། 

   འགྲན་ཞུགས་པའི་དགེ་རྒན་ནམ་སྤྱི་བསྒྲགས་སློབ་ཐུན་འཚོགས་མཁན་གྱི་དགེ་རྒན་སུ་ཡིན་ཡང་ཚང་མའི་བྱེད་སྒོ་དེ་དག་ལ་ཞུགས་པའི་ཆེས་ཐོག་མའི་ཀུན་སློང་ལ་ཡོ་འཁྱོག་བྱུང་འདུག་སྟེ།  དཔེར་ན།  ཁྲིད་ཇུས་དགེ་གྲོགས་གཞན་ལ་འབྲི་རུ་འཇུག་པ་དང་།  སྔོན་ལ་ཁྲིད་བྱའི་ནང་དོན་དེ་ཡང་བསྐོར་བསྐྱར་བསྐོར་བྱས་ནས་ཁྲིད་ཁྲིད་དེ་སློབ་མར་ལན་ཇི་ལྟར་འདེབས་དགོས་ཚུལ་སོགས་ཡང་ཁྲིད་ཟིན་འདུག་ལ་ཐ་ན་ལོ་རིམ་མཐུན་པའི་འཛིན་གྲྭ་དུ་མ་ལས་ཕུལ་བྱུང་སློབ་མ་རྣམས་བདམས་ནས་སློབ་ཁྲིད་བྱེད་པ་སོགས་དེ་འདྲའི་ཉམ་ཐག་པའི་གནས་ཚུལ་མང་འདུག  སློབ་ཁྲིད་ལ་ཉན་པ་དེ་ཁྱེད་ཚང་གི་ཁྱིམ་ལ་མགྲོན་པོ་ཡོང་བ་དང་གཅིག་མཚུངས་ཡིན་པས་གལ་ཏེ་ཁྱེད་ཚང་གི་བྱིས་པ་དེ་པྲ་ཆལ་ལམ་ཡང་ན་རིག་རྟུལ་ཞིག་ཡིན་ཚེ་ཁྱེད་ཚང་ལ་མགྲོན་པོ་མ་ཡོང་ནས་སྔོན་ལ་རང་གི་བྱིས་པ་དང་ཁྱིམ་མཚེས་ཚང་གི་བྱིས་པ་ཡ་རབས་ཡང་ན་རིག་ཡག་དེ་དང་བརྗེ་བ་དང་གཅིག་མཐུན་རེད།  དེའི་ཕྱིར།  དེ་འདྲ་བྱས་ཚེ་རང་ཉིད་བཤམས་སྟོན་བྱས་པ་ཙམ་དང་གནས་སྐབས་ཀྱི་ཁེ་ཕན་ཁོ་ན་ལ་དམིགས་པ་ལས་ཡོད་ཚད་ངལ་བ་འབྲས་མེད་དུ་གྱུར་བ་མ་ཡིན་ནམ།   འདི་ལྟར་རྫུན་བཟོའི་སློབ་གསོ་ལས་གསོ་སྐྱོང་བྱས་པའི་མ་འོངས་རྒྱུད་འཛིན་པ་དག་མི་ཅི་འདྲ་ཞིག་ཏུ་སྒྱུར་སྲིད་པ་ལ་བསམ་གཞིགས་བྱེད་འོས་ལ་དེ་འདྲའི་ཚོགས་ཐུན་ལན་བརྒྱར་འཚོགས་ཀྱང་རང་གཞན་ཀུན་ལ་ཡར་ཐོན་ཅི་འདྲ་ཞིག་ཡོད་སྲིད་རྒྱུ་རེད།

ངས་ཁ་བྱང་ལ་སློབ་གསོའི་སྣང་ཚུལ་ཞེས་འབྲི་དོན་ཡང་དོན་དག་འདི་རིགས་ང་གཏོགས་པའི་སློབ་གྲྭ་ཁོ་ན་ཙམ་ཞིག་མ་ཡིན་པར་ངའི་མཐའ་འཁོར་ཡང་ན་ང་ལས་ཅུང་རྒྱང་ཐག་རིང་བའི་སློབ་གྲྭའི་ཁོར་ཡུག་སོ་སོ་ན་འདི་དང་འདི་འདྲའི་དོན་དག་བྱུང་དང་འབྱུང་བཞིན་ཡོད་པས་ཕྱིར་ཚང་མའི་དེའི་ཐད་ནས་མཉམ་འཇོག་རེ་བྱས་ན་འགྲིག་འདུག་བསམ་ནས་སེམས་ཀྱི་སྐད་ཆ་དེ་དགེ་གྲོགས་ལྷན་རྒྱས་ལ་གྲོས་འདེབས་ཀྱིས་ཚུལ་དུ་

ཕུལ་བའོ།

deqing | རྩོམ་ཡོངས་ཀློག་པ།(947) | ལན་སློག(2)
འབྲེལ་ཡོད་ནང་དོན་ 31 ཡོད།<<<1234>>>
 
Powered by Oblog.