མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
རེ་སྨོན་པར་གཞི། 分享按钮
དོ་དམ་པ།
 
སེམས་ཁམས་ལོ་ཐོ།
ཟིན་བདག་བརྡ་ཁྱབ།
ཆེད་དོན་རིགས་དབྱེ།
ཟིན་བྲིས་གསར་བ།
དཔྱད་བརྗོད་གསར་བ།
སྐད་གསར་བཞག
འཚོལ་བཤེར།
མཛའ་འབྲེལ།
ཆ་འཕྲིན།
 
 
མཚོ་སྔོན་པོ་བོད་ཡིག་དྲ་བས་བོད་རབ་རྒྱན་ཤིང་ཕོ་རྟ་ལོའི་ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུ།
[ 2014-1-30 21:59:39 | By: amdotibetblog ]
 

ཡང་བསྐྱར་འདས་པའི་ལོ་ཟླ་ལ་གྱེས་བྲལ་དང་མ་འོངས་འབྱུང་འགྱུར་གདོང་གིས་བསུ་བའི་དུས་ཀྱི་བསྣོལ་མཚམས་སུ་བསླེབས་སོང་བས། ལོ་ཟླ་བརྗེ་སྤོར་དང་རྙིང་བསྐྱལ་གསར་བསུ་བྱེད་པའི་དུས་སྐབས་འདི་ལ། མཚོ་སྔོན་པོ་དྲ་བའི་ཁོངས་མི་ཡོངས་ཀྱིས་བོད་ཡུལ་ཆོལ་ཁ་གསུམ་གྱི་ཐུན་མོང་གི་རིག་པའི་སྡིངས་ཀ་འདི་ཉིད་ཇེ་རྒྱས་ཇེ་ལེགས་སུ་འགྲོ་ཆེད། བརྟུན་པ་ཆུ་བོའི་རྒྱུན་བཞིན་རིང་ཞིང་བརྟན་པ་གངས་རིའི་དཔངས་ལ་འགྲན་པར་དུས་དང་རྣམ་པ་ཀུན་ཏུ་ཐུགས་ཁུར་དང་རྒྱབ་སྐྱོར་བླ་ལྷག་གནང་བའི་གཞིས་བྱེས་དྲ་གྲོགས་ལྷན་རྒྱས་དང་། སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་ནས་ཡོང་བའི་གསར་འགོད་པ། དེ་མིན་རང་རེའི་གཙུག་ལག་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་ཉིན་མཚན་དབྱེར་མེད་དུ་བརྩོན་པ་ལྷུར་དུ་ལེན་པའི་དོན་མཐུན་གྲོགས་ཀྱི་ཚོགས་ལ་ཐུགས་རྗེ་ཆེ་ཞུ་བ་དང་མཉམ་དུ། རིགས་མཐུན་སྤུན་ཟླ་ཡོངས་ལ་བོད་རབ་རྒྱན་ཤིང་ཕོ་རྟ་ལོའི་གནམ་ལོ་གསར་བའི་བཀྲ་ཤིས་བདེ་ལེགས་ཞུའོ།།

ལོ་ཟླའི་འཁོར་འགྲོས་ཀྱི་ཁུགས་དཀྱོགསཁྲོད་ང་ཚོས་དཀའ་བ་བརྒྱ་ཕྲག་གདོང་གིས་བསུས་ ནུས་པ་རྩལ་གྱིས་སྤྲུགས་ཤིང་། འགན་འཁྲི་གཅིག་ལྕོག་ཏུ་བཞེས་ཐོག གསར་བསྐྲུན་གྱི་ལམ་ཁ་ཡངས་པོ་ཤུགས་ཀྱིས་བརྟོལ་པས། 2013ལོར་འཕེལ་རྒྱས་ཀྱི་འགྲོས་ལས་འཕོས་པའི་རབ་དགའི་འབྲས་བུ་ལྷུག་པོར་སྨིན་ཞིང་དོན་ལྡན་འཕྲིན་ལས་རིམ་གྱིས་རྒྱས་པ་སྟེ། མཚོ་སྔོན་པོ་བོད་ཡིག་དྲ་བས་ཁྱོན་བསྡོམས་ཆ་འཕྲིན3893ལྷག་སྤེལ་བར་མ་ཟད། ཆ་འཕྲིན་གསར་རྩོམ་བྱས་ཚད100%ལ་བསླེབས། མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་ཀྱི་ཐོ་འགོད་མཁན་མི7720ལ་བསླེབས་པ་དང་། ཟིན་རྩོམ་བསྡོམས་གྲངས73100ལྷག་ལ་བསླེབས། མཚོ་སྔོན་པོ་རྒྱ་ཡིག་དྲ་བས་ཁྱོན་བསྡོམས་ཆ་འཕྲིན2748སྤེལ་བ་དང་། ཆ་འཕྲིན་གསར་རྩོམ་བྱས་ཚད94%ལ་བསླེབས། མཚོ་སྔོན་པོ་རྒྱ་ཡིག་ཟིན་བྲིས་ཀྱི་ཐོ་འགོད་མཁན་མི1073ལ་བསླེབས་པ་དང་། ཟིན་རྩོམ་བསྡོམས་གྲངས4800ལྷག་ལ་བསླེབས། ཟླ4པར། མཚོ་སྔོན་པོ་བོད་ཡིག་དྲ་བ་དང་རྒྱ་ཡིག་དྲ་བ་སྟེགས་བུ་རུ་བྱས་པའི་བོད་ཡིག་འཚོལ་བཤེར་མ་ལག་གསར་གཏོད་ལས་གཞིའི་འགོ་བརྩམས། ཟླ5པར། བོད་ཡིག་འཚོལ་བཤེར་མ་ལག་གསར་གཏོད་ལས་གཞིའི་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་བསྡུས། ཟླ8པར། མཚོ་ལྷོ་ཁུལ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་དགའ་སྟོན་གྱི་འབྲེལ་ཡོད་བྱ་འགུལ་རབས་དང་རིམ་པ་དུས་ཐོག་ཏུ་བཀོད། ཟླ9པར། བོད་ཡིག་འཚོལ་བཤེར་མ་ལག་གི་མིང་ལ་བོད་སྐད་དུ་ཡོངས་འཛིན་དང་། རྒྱ་སྐད་དུ“云藏”ཞེས་སུ་བཏགས་ཤིང་། དྲ་གནས་ཀྱི་མིང་ལwww.yongzin.comཞེས་ཐོ་འགོད་བྱས། དེར་མ་ཟད་བོད་ཡིག་འཚོལ་བཤེར་མ་ལག་གསར་གཏོད་ལས་གཞིའི་མཉམ་འབྲེལ་སྡེ་ཁག་གི་ལག་རྩལ་དཔྱད་ཞིབ་ཚོགས་འདུ་བསྡུས། ཟླ11པར། པེ་ཅིང་དང་ལན་ཀྲུའུ་ཡི་ལས་ཁུངས་གཉིས་ཀྱི་བར་གྲོས་གཞི་ཡི་གེ་བྲིས་ནས་བོད་ཡིག་འཚོལ་བཤེར་མ་ལག་གསར་གཏོད་ལས་གཞིའི་དངོས་ལ་ཞུགས། ཟླ12པར། བོད་ཡིག་འཚོལ་བཤེར་མ་ལག་གི་མཚོན་རྟགས་ཇུས་འགོད་ཀྱི་འགོ་བརྩམས།

འཕྲེང་བསྟར་གྱི་ཨང་ཀི་དེ་དག་ནི་མཐོ་རུ་བསྙེགས་བྱེད་ཀྱི་སྐས་ཀ་བཞིན་དུ་མཚོ་སྔོན་པོ་དྲ་བ་རིམ་གྱིས་གཉོམ་ལག་རྒྱས་པའི་གོམ་པ་རེ་རེ་བདེན་དཔང་ཐུབ་ཅིང་། དེ་དག་ནི་མདུན་སྐྱོད་ཀྱི་ལམ་ཁ་ན་ཀྲོང་ངེར་འགྱིང་བའི་རྡོ་རིང་བཞིན་དུ་རྒྱ་ཆེའི་དྲ་གྲོགས་དང་དྲ་རྒྱའི་ཁོངས་མི་ཡོངས་ཀྱི་རྔུལ་ཆུ་དང་ཟུངས་ཁྲག་མཚོན་ཐུབ། དེ་དག་ནི་འཛམ་བུ་གླིང་གི་ཆ་འཕྲིན་གྱི་གཤིན་ས་རུ་བསྐྲུན་པའི་ས་བོན་བཞིན་དུ་མ་འོངས་པར་བོད་སྐད་ཡིག་དང་བོད་ཀྱི་རིག་གནས་ལ་ཉམས་དགའི་འབྲས་བཟང་ཞིག་སྨིན་ངེས་པའི་ལྟས་སུ་མངོན་ནོ།།

འདས་པའི་ལོ་ཟླའི་ནང་མཚོ་སྔོན་པོ་དྲ་བའི་ཁོངས་མི་ཡོངས་ཀྱིས་དྲ་གྲོགས་ལྷན་རྒྱས་དང་མཉམ་དུ་མཐུན་སྒྲིལ་གྱི་ཨ་ལོང་གཅིག་ཏུ་སྒྲིལ་ཞིང་དམིགས་པ་གཅིག་ཏུ་གཏད་ནས། མི་རིགས་ཀྱི་རིག་གནས་འཛིན་སྤེལ་བྱེད་པའི་ཐུན་མོང་གི་འགན་འཁྲི་ལྷུར་དུ་བླངས་ཏེ་སོར་མོའི་གར་གྱི་སྟངས་སྟབས་ལས་རིག་པའི་སྟེགས་བུ་འདི་ཉིད་དར་ཞིང་རྒྱས་སུ་བཅུག ང་ཚོའི་རྔུལ་ཆུའི་ཟེགས་མ་རེ་རེ་དང་བློ་གྲོས་ཀྱི་ཉིང་ཁུ་རེ་རེ་ཡིས་མཚོ་སྔོན་པོ་དྲ་བའི་འཕེལ་རྒྱས་ཀྱི་མདུན་ལམ་ཇེ་ཡངས་དང་ཇེ་སྙོམས་སུ་འགྲོ་བར་བསྐུལ་འི་ཁར། བཅུ་ཕྲག་རིག་པའི་གནས་འདི་འཛམ་གླིང་ས་ཆེན་ཀུན་ཏུ་རྒྱས་པར་ཕུལ་བའི་ལེགས་སྐྱེས་མཆོག་གྱུར་ཅིག་ཡིན་པ་དེ་བས་ཀྱང་སྨོས་མ་དགོས། རྗེས་སོར་ཡང་ང་ཚོས་མུ་མཐུད་དུ་རྡོག་རྩ་གཅིག་སྒྲིལ་དང་དོན་ལྡན་འཕྲིན་ལས་ལྷུར་གྱིས་བཞེས་ཏེ་མཚོ་སྔོན་པོ་དྲ་བའི་རིག་པའི་བང་མཛོད་ཇེ་ཕྱུག་དང་འཕེལ་རྒྱས་ཀྱི་གོམ་བགྲོས་ཇེ་མགྱོགས་སུ་འགྲོ་བར་ཐུགས་ཁུར་དང་རྒྱབ་སྐྱོར་འཛད་མེད་གནང་རྒྱུའི་རེ་བ་ཞུའོ།།

    མཇུག་མཐར་མཚོ་སྔོན་པོ་དྲ་བའི་ཁོངས་མི་ཡོངས་ཀྱིས་བོད་རབ་རྒྱན་ཤིང་ཕོ་རྟ་ཡི་ལོ་ལ་ས་གསུམ་ཡོངས་སུ་བཀྲ་ཤིས་དགེ་མཚན་གྱིས་ཕྱུག་ཅིང་ལོ་ཕྱུག་འཕེལ་བ་དང་། གཞས་ཕྱེས་ལམ་གསུམ་དུ་མཆིས་པའི་རིགས་མཐུན་སྤུན་ཟླ་ཡོངས་ཀྱི་ཚེ་བསོད་རླུང་རྟའི་སྟོབས་ཀུན་རབ་ཏུ་རྒྱས་ཤིང་དགེ་ལ་བརྩོན་པའི་འཕྲིན་ལས་མཐའ་དག་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུའོ། །
 
 
བོད་ཡིག་འཚོལ་བཤེར་མ་ལག་གི་མཚོན་རྟགས་ཇུས་འགོད་བརྩམས་ཆོས་བསྡུ་བའི་བརྡ་ཐོ།
[ 2013-12-3 14:45:53 | By: amdotibetblog ]
 


སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་གྲོགས་པོ་རྣམ་པ།

མཚོ་ལྷོ་བོདརིགས་རང་སྐྱོང་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་མཚོ་སྔོན་པོ་བོད་ཡིག་དང་རྒྱ་ཡིག་དྲ་བ་གཉིས་སྟེགས་བུར་བྱས་ནས། 2013ལོའི་ཟླ4པར་བོད་ཡིག་འཚོལ་བཤེར་མ་ལག་ཞིབ་འཇུག་འདོན་སྤེལ་གྱི་ལས་ཀ་དངོས་སུ་འགོ་བརྩམས་པར་མ་ཟད། ད་ལྟ་དོན་དངོས་ཐོག་ལག་བསྟར་བྱེད་བཞིན་པའི་སྒང་ཡིན།

བོད་ཡིག་འཚོལ་བཤེར་མ་ལག་གི་ལས་གཞིའི་ཚན་ཆུང་ལན་དུ་མར་པེ་ཅིང་སློབ་ཆེན་དང་། ཀྲུང་དབྱང་མི་རིགས་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན་སོགས་སུ་ཕྱིན་ནས་འབྲེལ་ཡོད་ཀྱི་ཆེད་མཁས་རྣམས་དང་རྩད་བསྡུར་རྒྱ་ཆེན་པོ་གནང་སྟེ། ལས་གཞིའི་དཀྱིལ་སྙིང་གི་ལག་རྩལ་ཐད་ཀྱི་ཆ་འཕྲིན་ཕུན་སུམ་ཚོགས་པ་འཚོལ་བསྡུ་བྱས་ནས་ལས་གཞི་བདེ་བླག་ངང་སྤེལ་བར་གཞུང་ལུགས་ཀྱི་རྨང་གཞི་དང་ཆ་འཕྲིན་གྱི་ཐོན་ཁུངས་བརྟན་པོ་ཞིག་འདོན་སྤྲོད་བྱས། དེར་མ་ཟད་སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་གྲོས་གཞི་བསྡུ་ལེན་དང་ཆེད་མཁས་རྣམས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་གཅིག་བསྡུ་བྱས་ཐོག ཡང་དང་བསྐྱར་དུ་འདེམ་སྒྲུག་གང་ལེགས་བྱས་མཐར། བོད་ཡིག་འཚོལ་བཤེར་མ་ལག་གི་མིང་ལ་བོད་སྐད་དུ“ཡོངས་འཛིན”དང་རྒྱ་སྐད་དུ“云藏”ཞེས་སུ་བཏགས། དྲ་གནས་ཀྱི་མིང་ལ www.yongdzin.comཞེས་ནས་ཐོ་འགོད་བྱས།
ཀུན་གྱིས་མཁྱེན་གསལ་ལྟར་ཡོངས་འཛིན་ནི་ལམ་སྟོན་གྱི་བླ་མ་དང་གནད་བཀྲོལ་གྱི་དགེ་རྒན་ལ་གོ་བ་དང་། གཅིག་ནས་བོད་ཡིག་འཚོལ་བཤེར་མ་ལག་ནི་རྨོངས་ཀུན་སེལ་བར་བྱེད་པའི་དགེ་རྒན་ཞིག་དང་མཚུངས་པར་ང་ཚོའི་འཚོ་བ་དང་སློབ་སྦྱོང་། ལས་ཀའི་ཁྲོད་འཕྲད་པའི་དྲི་བ་གང་མང་ཞིག་གི་ལན་ལྡོན་པར་བྱེད་ཅིང་། དྲ་གྲོགས་རྣམས་ཀྱི་དགོས་མཁོ་ཀུན་བསྐང་བར་བྱེད་པས་ཡོངས་འཛིན་ཞེས་བཏགས། གཉིས་ནས་ཡོངས་འཛིན་ཞེས་པའི་མིང་དེ་སོ་སོར་ཕྲལ་ནས་བཤད་ན། ཡོངས་སུ་འཛིན་པར་བྱེད་པའི་དོན་འདུས་ཤིང་། འཚོལ་བཤེར་མ་ལག་ནི་མཐར་གཏུག་ན“དྲ་རྒྱའི་འབུ་སྡོམ”གྱིས་ཆ་འཕྲིན་གྱི་རྒྱ་མཚོའི་ཁྲོད་དྲ་གྲོགས་ཀྱི་ཉེར་མཁོའི་ཆ་འཕྲིན་རེ་རེ་བཞིན་བཟུང་སྟེ་ང་ཚོར་འདོན་སྤྲོད་བྱེད་པ་ཞིག་ཡིན་པས་ཡོངས་འཛིན་ཞེས་དོན་བསྡུས་ནས་བཏགས་པའོ། །
རྒྱའི་སྐད་དུ“云藏”ཞེས་བཏགས་པ་ནི་སྒྲ་དོན་གཉིས་ཀྱི་སྒོ་ནས་བོད་ཡིག་འཚོལ་བཤེར་མ་ལག་གི་ནུས་པ་དང་དེའི་ཁྱད་ཆོས་སོགས་མཚོན་པར་བྱ་ཆེད་བཏགས་སོ། །
བོད་ཡིག་འཚོལ་བཤེར་མ་ལག་འདོན་སྤེལ་གྱི་ལས་གཞི་བདེ་བླག་ངང་ལག་ཏུ་བསྟར་པ་དང་། སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་ལས་གཞི་འདིར་རྒྱབ་སྐྱོར་བྱེད་པ། དེ་མིན་ཤེས་ལྡན་རྣམས་ཀྱི་རིག་པའི་དྭངས་མ་དང་བློ་གྲོས་ཀྱི་རྩལ་གཅིག་ཏུ་བསྡུས་ནས་བོད་ཡིག་འཚོལ་བཤེར་མ་ལག་གི་མཚོན་རྟགས་ཇུས་འགོད་ཀྱི་འཆར་བཀོད་བསྡུ་རྒྱུ་ཡིན་པས། བྱེ་བྲག་གི་དོན་ཚན་གཤམ་གསལ་ལྟར་བཀོད་པ་སྟེ།
གཅིག  མཚོན་རྟགས་ཇུས་འགོད་ཀྱི་མཛུབ་སྟོན་དགོངས་དོན།
བོད་ཡིག་འཚོལ་བཤེར་མ་ལག་གི་མཚོན་རྟགས་ཇུས་འགོད་བྱེད་དུས་རང་མི་རིགས་ཀྱི་རྫོངས་སྟུག་པོའི་རིག་གནས་དགོངས་སྙིང་མངོན་པར་མཚོན་ཐོག མི་རིགས་ཀྱི་རིག་གནས་འཛིན་སྤེལ་བྱེད་པ་དེ་གནད་དུ་བཟུང་ནས། རིག་གནས་ཀྱི་གཟི་དཔལ་དང་མི་རིགས་ཀྱི་ཁྱད་ཆོས་གཟེངས་སུ་ཐོན་པར་བྱས་ཏེ། དྲ་རྒྱའི་མཚོན་རྟགས་གྲགས་ཅན་བསྐྲུན་པ་དང་མ་འོངས་པའི་འཕེལ་རྒྱས་ལ་ཁ་ཕྱོགས་ནས་ཇུས་འགོད་བྱེད་དགོས།
གཉིས། མཚོན་རྟགས་ཇུས་འགོད་ཀྱི་བླང་བྱ།
1.མཚོན་རྟགས་ཇུས་འགོད་ཀྱི་མཚོན་ཐབས་དེ་འཚོལ་བཤེར་མ་ལག་གི་བོད་རྒྱ་ཡིག་རིགས་གཉིས་ཀྱི་མིང་གི་བསྟན་དོན་དང་ཟུང་དུ་སྦྲེལ་ནས་ཆ་འགྲིག་རང་བཞིན་འབུར་དུ་ཐོན་དགོས།
2.ཇུས་འགོད་བྱེད་དུས་པའེ་ཏུའུ་དང་ཀུའུ་གུ་སོགས་རྒྱལ་ཁབ་ཕྱི་ནང་གི་མཚོན་རྟགས་གྲགས་ཅན་ཇུས་འགོད་བྱེད་སྟངས་ལ་ཟུར་བལྟ་བྱས་ནས། མི་རིགས་རིག་གནས་ཀྱི་བཅུད་འདུས་ཤིང་ཁྱད་འཕགས་རང་བཞིན་མངོན་པར་དོད་དགོས།
3. མཚོན་རྟགས་ཁྲོད་བོད་ཀྱི་རིག་གནས་ཀྱི་རྫོངས་སྟུག་པོ་གང་ལེགས་སྒོས་མངོན་པར་བྱས་ཐོག རིག་གནས་ཀྱི་མཚོན་དོན་དང་ཁྱད་འཕགས་མཚོན་རྟགས་ཀྱི་སྣང་བརྙན་འབུར་དུ་ཐོན་དགོས།
4.མཚོན་རྟགས་ཀྱི་རིས་དབྱིབས་སྟེང་མི་རིགས་རང་བཞིན་དང་། ཆ་འགྲིག་རང་བཞིན། ཁྱད་འཕགས་རང་བཞིན་བཅས་ལྡན་དགོས་པའི་ཁར། ངོས་འཛིན་རང་བཞིན་མངོན་གསལ་ལྡན་དགོས།
5.མཚོན་རྟགས་སྤྱིའི་སྒྱུ་རྩལ་གྱི་མཚོན་ཐབས་ལ་གསར་གཏོད་རང་བཞིན་ལྡན་དགོས་པར་མ་ཟད། ཁ་དོག་དང་མཛེས་ཆ་ལེགས་པོར་ཐོན་དགོས།
6.མཚོན་རྟགས་ཀྱི་ཇུས་འགོད་ངོས་འཛིན་སླ་ཞིང་བཀོལ་བདེ་དགོས།
གསུམ། མཚོན་རྟགས་ཇུས་འགོད་ཀྱི་འཆར་བཀོད་ཐད་མཉམ་འཇོག་བྱ་དགོས་པའི་དོན་ཚན།
1.ཇུས་འགོད་པས་བརྩམས་ཆོས་གཅིག་ནས་དུ་མ་བསྐུར་ཆོག་ཅིང་། བརྩམས་ཆོས་དེ་ལག་པས་བྲིས་པའམ་ཡང་ན་གློག་ཀླད་སྟེང་ཇུས་འགོད་བྱས་པ་གང་རུང་ཡིན་ཆོག
2.བརྩམས་ཆོས་དེ་ངེས་པར་དུ་གསར་རྩོམ་བྱས་པ་ཡིན་དགོས་ལ། གལ་ཏེ་གཞན་ལས་བཤུས་པའམ་གཡར་བ་སོགས་ཡིན་ཚེ་དེའི་མཇུག་འབྲས་རྩོམ་པ་པོ་རང་ཉིད་ཀྱིས་འགན་འཁུར་དགོས།
3.བརྩམས་ཆོས་ཇུས་འགོད་བྱེད་སྟངས་དང་དེའི་བསྟན་དོན་སོགས་ཟུར་དུ་འགོད་དགོས་ཤིང་། རྩོམ་པ་པོའི་རུས་མིང་དང་ལས་ཁུངས། འབྲེལ་གཏུག་བྱེད་ཐབས་སོགས་གསལ་བོར་འགོད་དགོས།
4.གལ་ཏེ་བསྡུ་ཉར་བྱས་པའི་བརྩམས་ཆོས་དེ་བཀོལ་སྤྱོད་བྱས་ཚེ་དེའི་ཤེས་ཡོན་གྱི་ཐོན་དངོས་བདག་དབང་དང་བཀོལ་སྤྱོད་དབང་ཆ་བཅས་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ལ་དབང་བ་ཡིན།
བཞི། མཚོན་རྟགས་ཇུས་འགོད་ཀྱི་དཔྱད་འདེམས་བྱེད་ཐབས།
1.མཚོན་རྟགས་བརྩམས་ཆོས་བསྡུ་མཚམས་བཞག་རྗེས་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ཞིབ་འཇུག་ལྟེ་གནས་ཀྱིས་འདྲ་མཉམ་དང་། ཡོངས་བསྒྲགས། དྲང་གཞག་སྒོས་འབྲེལ་ཡོད་ཀྱི་ཆེད་མཁས་རྩ་འཛུགས་བྱས་ཏེ་བརྩམས་ཆོས་དཔྱད་འདེམས་བྱེད་རྒྱུ་ཡིན་པར་མ་ཟད། འདེམ་ཐོན་བྱུང་བའི་བརྩམས་ཆོས་དེ་མཚོ་སྔོན་པོ་བོད་ཡིག་དྲ་བ་དང་རྒྱ་ཡིག་དྲ་བའི་སྟེང་གསལ་བསྒྲགས་བྱ་ངེས།
2.འདེམ་ཐོན་བྱུང་བའི་བརྩམས་ཆོས་ཀྱི་བྱ་དགའ་ལ་སྒོར5000ཡིན།
ལྔ། བརྩམས་ཆོས་བསྡུ་བའི་དུས་ཚོད།
1.བསྡུ་ཡུན། 2013ལོའི་ཟླ12པའི་ཚེས1ཉིན་ནས2014ལོའི་ཟླ4པའི་ཚེས30ཉིན།
2.བརྩམས་ཆོས་བསྐུར་ཡུལ། amdotibet@163.com
3.འབྲེལ་གཏུག་ཁ་པར། 09748522228  འབྲེལ་གཏུག་བྱ་ཡུལ། རྡོ་རྗེ་རབ་བརྟན།

2013ལོའི་ཟླ12པའི་ཚེས1ཉིན།

 
 
གསར་བསྣན་བརྒྱུད་སྒྲོག་ནུས་པ།
[ 2013-10-24 10:08:21 | By: amdotibetblog ]
 

རྒྱ་ཆེ་བའི་ཟིན་བདག་རྣམ་པ།

མཉམ་སྤྱོད་ཀྱི་དུས་རབས་འདིར་ངེད་དྲ་བས་རྒྱ་ཆེ་བའི་ཟིན་བདག་རྣམས་ལ་སྟབས་བདེ་བཟོ་ཆེད་ཟིན་བྲིས་ལ་བརྒྱུད་སྒྲོག་

གི་ནུས་བ་གསར་དུ་བསྣན་ཡོད། བརྒྱུད་སྒྲོག་ལྟེ་གནས་འདིར་རྒྱལ་ཁབ་ཕྱི་ནང་གི་མིང་གྲགས་ཅན་གྱི་དྲ་བ་མང་པོ་སྟེང་བརྒྱུད་

སྒྲོག་བྱས་ཆོག

དྲ་ངོས་རེ་རེའི་སྟེང་གཡས་འོག་ན་བརྒྱུད་སྒྲོག་གི་རི་མོ་འདི་ཡོད།


བརྒྱུད་སྒྲོག་རི་མོ་འདི་བསྣན་བརྒྱུད་སྒྲོག་བྱེད་དགོས།

འདི་ཕྱོགས་ནས་འདྲི་རྒྱུ་ཡོད་ན་ང་ལ་ཐད་ཀར་འབྲེལ་གཏུགས་ཆོག།QQ:576629807

 
 
“མཚོ་སྔོན་པོ་བུམ་པའི”རྩོམ་བསྡུའི་བརྡ་ཐོ།
[ 2013-5-23 10:46:40 | By: amdotibetblog ]
 

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པའི“མཚོ་སྔོན་པོ་བུམ་པའི” བྱ་དགའ་ཡོད་པའི་རྩོམ་བསྡུའི་བརྡ་ཐོ།

སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་གྲོགས་པོ་ལྷན་རྒྱས་རྣམ་པ།

        ད་ལོ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་བཀྲ་ཤིས་དུས་བཟང་ཞིག་ཡིན་ཞིང་། བགྲང་བྱ་འདི་ཡི་རིང་དུ་མཚོ་ལྷོ་ཁུལ་གྱི་སྲིད་འབྱོར་རིག་གསུམ་བཅས་ཕྱོགས་ཅི་ཐད་ནས་མིག་མཐོང་ལག་ཟིན་གྱི་སྨིན་འབྲས་དགའ་འོས་པ་ཞིག་བླངས་པའི་ཁར། མ་འོངས་འཕེལ་རྒྱས་ཀྱི་བགྲོད་ལམ་ཡངས་ཤིང་སྙོམས་པ་ཞིག་བསྐྲུན་འདུག་པ་རེད། དེ་བས། ངེད་མཚོ་སྔོན་པོ་དྲ་བས་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་གྲོགས་པོ་ཡོངས་དང་མཉམ་དུ་མཚོ་ལྷོའི་ལོ་ངོ་དྲུག་ཅུ་རིང་གི་སྤྱི་ཚོགས་འཕོ་འགྱུར་ལ་ཕྱིར་གཞིག་དང་འཕེལ་རྒྱས་ཀྱི་མདུན་ལྗོངས་བཟང་བོར་རྒྱང་ལྟ་བྱས་ཏེ། མཚོ་ལྷོ་ཁུལ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག དེའི་ལེགས་སྐྱེས་ཤིག་གི་ཚབ་ཏུ་མཚོ་ལྷོའི་སྲིད་འབྱོར་རིག་གསུམ་གྱི་གོང་སྤེལ་དང་འབྲེལ་བའི་རྩོམ་ཡིག་འགྲན་བསྡུར་གྱི་བྱ་འགུལ་ཞིག་སྤེལ་རྒྱུ་ཡིན་པ་དང་། དེ་ལས་དཔྱད་འདེམས་བྱས་པའི་ལེགས་རྩོམ་ལ་རིམ་པ་ལྟར་བྱ་དགའ་གནང་རྒྱུ་ཡིན་པས། རྒྱ་ཆེ་བའི་གྲོགས་པོ་རྣམས་ཀྱིས་སོ་སོའི་ལྗགས་རྩོམ་གང་ལེགས་གནང་བར་ཞུ།

        ཐེངས་འདིའི་རྩོམ་ཡིག་འགྲན་བསྡུར་གྱི་བྱ་འགུལ་ལེགས་པོ་ཞིག་འཁྱོངས་པའི་ཆེད། རྩོམ་བསྡུའི་འབྲེལ་ཡོད་ཀྱི་དོན་ཚན་འགའ་ཁྱབ་བསྒྲགས་བྱས་པ་གཤམ་གསལ་ལྟར།

གཅིག རྩོམ་བསྡུའི་བླང་བྱ།

        1.བརྗོད་བྱ་གཙོ་བོ་ནི་ལོ་ངོ་དྲུག་ཅུའི་རིང་ལ་མཚོ་ལྷོའི་སྤྱི་ཚོགས་དཔལ་འབྱོར་གྱི་འཕེལ་རྒྱས་དང་རིག་གནས་སློབ་གསོ། དེ་མིན་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སོགས་འཛིན་སྐྱོང་སྤེལ་གསུམ་བྱས་པའི་ཐད་ལ་བླངས་པའི་གྲུབ་འབྲས་དང་། ད་ལྟའི་གནས་བབ། མ་འོངས་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་བཅས་སུ་འབྲེལ་ནས་རྩོམ་ལུས་གང་རུང་གིས་བྲི་ཆོག

        2.གོང་གསལ་གྱི་བརྗོད་བྱ་དང་འབྲེལ་ཞིང་ཡར་བརྩོན་དང་གསར་གཏོད་ཀྱི་སྙིང་སྟོབས་ཀྱིས་ཕྱུག་པའི་རྩོམ་ཡིག་ཡིན་དགོས།

        3.རྩོམ་བསྡུའི་དུས་ཚོད། བརྡ་ཐོ་ཁྱབ་བསྒྲགས་བྱས་པའི་ཉིན་ནས་སྤྱི་ཟླ7པའི་ཟླ་མཇུག་བར་དུ་ངེས་པར་དུ་ངེད་དྲ་བར་བསྐུར་དགོས། རྩོམ་ཡིག་གི་ཀླད་དུ“མཚོ་སྔོན་པོ་བུམ་པའི”རྩོམ་བསྡུ་ཞེས་འབྲི་བ་དང་། ཡི་གེ་ངེས་པར་དུ་ཧི་གཟུགས་ཀྱིས་གཏག་དགོས།

        4.རྩོམ་འབྲིའི་ཡིག་རིགས། བོད་ཡིག་ཡིན་དགོས།

གཉིས། བྱ་དགའི་རིམ་པ།

        ཨང་དང་པོ་གཅིག་དང་བྱ་དགའ་སྒོར1000དང་། ཨང་གཉིས་པ་གཉིས་དང་བྱ་དགའ་སྒོར500རེ། ཨང་གསུམ་པ་གསུམ་དང་བྱ་དགའ་སྒོར300རེ་བཅས་ཡིན། བྱ་དགའ་ཐོབ་པའི་རྩོམ་ཡིག་རྣམས་མཚོ་སྔོན་པོ་དྲ་བ་དང་མཚོ་སྔོན་པོ་ཟིན་བྲིས་སུ་ཁྱབ་བསྒྲགས་བྱ་རྒྱུ་ཡིན།

གསུམ། དྲ་ཐོག་བསྐུར་ཡུལ།

        གློག་རྡུལ་ཡིག་ཟམ། amdotibet@163.com

        འབྲེལ་གཏུག་ཁ་པར། 0974-8522228

བཞི། སྦྲག་ཐོག་བསྐུར་ཡུལ།

        སྡོད་གནས། མཚོ་ལྷོ་ཁུལ་སྲིད་གཞུང་གི་ཐོག་ཁང་གསུམ་པ།(青海省海南州政府3号楼)

        ལས་ཁུངས། མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས།(海南州藏文信息技术研究中心)

        སྦྲག་སྲིད། 813000

2013ལོའི་ཟླ5པའི་23ཉིན།

 
 
མཚོ་སྔོན་པོ་དྲ་བར་དཔྱད་བརྗོད་སྤེལ་ཆོག
[ 2013-4-17 17:20:59 | By: amdotibetblog ]
 

མཚོ་སྔོན་པོ་དྲ་བར་དཔྱད་བརྗོད་སྤེལ་ཆོག

        མཚོ་སྔོན་པོ་དྲ་བར་ཉིན་རེ་བཞིན་གསར་སྤེལ་བྱེད་བཞིན་པའི་ཆ་འཕྲིན་གྱི་བརྗོད་བྱ་དང་རྗོད་བྱེད་ཇེ་ལེགས་སུ་གཏོང་བ་དང་དྲ་གྲོགས་ཀུན་པོས་དེར་བསྟུན་གྱི་བསམ་འཆར་རམ་རེ་འདུན་འདོན་ཆེད། ཆ་འཕྲིན་རེ་རེའི་གཤམ་འོག་ཏུ་དཔྱད་བརྗོད་སྤེལ་སའི་དོ་ར་ཞིག་བཟོས་ཡོད་པས། ཁྱེད་རྣམ་པས་དོ་སྣང་ཡོད་པར་འཚལ།

         གསལ་བཤད། དྲ་བའི་དོ་དམ་པས་ཐོ་འགོད་དང་གསང་གྲངས་འགོད་དགོས་པ་མ་གཏོགས། སྐུ་མགྲོན་དཔྱད་བརྗོད་པས་ཐད་གརསྐུ་མགྲོན་དཔྱད་བརྗོདམདུན་གྱི་རེའུ་མིག་གྲུ་བཞི་མ་རྡེབ་པས་ཆོག
 
 
ཟིན་རྩོམ་ལེ་ཚན་འཕྲོད་སྦྱོར་ཡིན་དགོས།
[ 2013-4-1 17:15:11 | By: amdotibetblog ]
 


གསོ་རིག་ཁམས་སྲུང་ལེ་ཚན་འདིར་ལྟ་བུ་ནང་སྙན་ངག་སོགས་ལེ་ཚན་འཕྲོད་སྦྱོར་མེད་པའི་ཟིན་རྩོམ་མང་པོ་སྤེལ་འདུག

        རྒྱ་ཆེ་བའི་དྲ་གྲོགས་རྣམ་པ་ལགས། རྒྱ་ཆེ་བའི་དྲ་གྲོགས་རྣམས་ཀྱི་ལྟ་ཀློག་སྟབས་བདེ་ཡོང་བ། ཟིན་རྩོམ་ལེ་ཚན་འཕྲོད་སྦྱོར་ཡོད་པའི་ཆེད།ཟླ་བཞི་པའི་ཚེས་ལྔ་ཉིན་ནས་བཟུང་ཟིན་རྩོམ་དང་ལེ་ཚན་གཉིས་ཕན་ཚུན་འཕྲོད་སྦྱོར་མེད་པར་རྟ་མགོ་ལུག་སུག་གི་སྣང་ཚུལ་མུ་མཐུད་དུ་བྱུང་ན། ཟིན་རྩོམ་དེ་གཤེར་བྱའི་ཁྲོད་ནས་བསྐྱུར་ངེས་ཡིན་པའམ་ཟིན་རྩོམ་གསུབ་རྒྱུ་ཡིན་པས་ཐུགས་འཇགས་འཚལ། ལྷག་པར་དུ་སྙན་ངག་འབྲི་མཁན་དག་གིས་དོ་སྣང་ཡོད་པར་འཚལ། གལ་ཏེ་འོས་འཚམ་གྱི་ལེ་ཚན་མེད་ན་ཅུང་ཆ་འདྲ་བའི་ལེ་ཚན་ཞིག་གདམ་ཆོག

༡. འཕྲིན་གསར་ཀུན་གླེང་། ལེ་ཚན་འདིར་སྐབས་དོན་གྱི་གསར་བྱུང་གནས་ཚུལ་རིགས་སྤེལ་པར་བྱ།

༢. རིག་གནས་བརྒལ་བརྟག ལེ་ཚན་འདིར་རིག་གཞུང་ཞིབ་འཇུག་དང་བགྲོ་གླེང་། དཔྱད་བརྗོད་གཙོ་བྱས་མི་སྣ་ངོ་སྤྲོད། བཅར་འདྲི། དྲི་བ་དྲིས་ལན་སོགས་སྤེལ་པར་བྱ།འདི་ནི་ཅུང་ཁྱབ་རྒྱ་ཆེ་བའི་ལེ་ཚན་ཞིག་གམ་ཟིན་བྲིས་ཀྱི་སྲོག་ཤིང་ལྟ་བུ་ཡིན།

༣. སློབ་གསོ་ལག་ལེན། ལེ་ཚན་འདིར་སློབ་གསོ་རྐྱང་རྐྱང་གི་ཉམས་མྱོང་དང་ལག་ལེན། ཞིབ་འཇུག་སྐོར་སྤེལ་པར་བྱ།

༤. རྩོམ་རིག་བརྩམས་ཆོས། ལེ་ཚན་འདིར་སྒྲུང་གཏམ་དང་། སྙན་ངག ལྷུག་རྩོམ་སོགས་རྩོམ་རིག་བརྩམས་ཆོས་ཁོ་ན་སྤེལ་པར་བྱ། རྩོམ་རིག་དཔྱད་བརྗོད་སོགས༼རིག་གནས་བརྒལ་བརྟག༽ལེ་ཚན་དུ་སྤེལ་རོགས།

༥. སློབ་རའི་རིག་གནས། ལེ་ཚན་འདི་ནི་སློབ་མ་རྣམས་ལ་ཆེད་དུ་བཟོས་པ་ཡིན་པས། སློབ་གྲྭ་རུ་བསླབ་ལ་གཞོལ་སྒང་གི་ཟིན་བྲིས་པ་དག་གིས་བཀོལ་པར་རིགས་ལ། དེ་རུ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བྱ་འགུལ་སྣ་ཚོགས་དང་རིག་གནས་སྣང་ཚུལ་སོགས་སྤེལ་པར་བྱ།

༦. བརྙན་གཟུགས་རྩེད་འཇོ། ལེ་ཚན་འདིར་བརྙན་གཟུགས་དང་པར་རིས། རིག་གནས་རོལ་རྩེད། ཁ་མཚར། གླུ་ཚིག་དང་གླུ་དབྱངས་སོགས་སྤེལ་པར་བྱ།

༧. གསོ་རིག་ཁམས་སྲུང་། ལེ་ཚན་འདིར་གསོ་རིག་གཞུང་ལུགས་དང་། གསོ་རིག་རྒྱུན་ཤེས། གསོ་རིག་ཆ་འཕྲིན། ལུས་ཁམས་བདེ་སྲུང་། སྨན་སྣ་མཚམས་སྦྱོར་སོགས་སྤེལ་པར་བྱ།

༨. གནས་སྐོར་རྒྱང་མཇལ། ལེ་ཚན་འདིར་རྩོམ་ལུས་གང་རུང་ནས་བྲིས་པའི་གནས་སྐོར་ཟིན་བྲིས་དང་། གནས་ས་གནས་རི་ངོ་སྤྲོད། སྐྱེ་ཁམས་སྲུང་སྐྱོབ་སོགས་ཀྱི་སྐོར་སྤེལ་པར་བྱ།

༩. བརྩེ་སེམས་དུངས་བརྗོད། ལེ་ཚན་འདི་ནི་སྙན་ངག་འབྲི་བའི་ཟིན་བྲིས་པའི་སྡེ་ལ་ཆེད་དུ་རྒྱ་བསྐྱེད་ནས་བཟོས་པ་ཞིག་ཡིན་ཏེ། གཙོ་བོ་བརྩེ་བའམ་དུངས་སེམས་མཚོན་པའི་རྩོམ་རིག་བརྩམས་ཆོས་དང་། ཡང་ན་བསླབ་བྱའི་རིགས་སྤེལ་པར་བྱ།

༡༠. འཚོ་བའི་མྱོང་སྣང་། ལེ་ཚན་འདིར་སྤྱི་ཚོགས་འཚོ་བའི་ཁྲོད་དངོས་སུ་བྱུང་བ་དང་མྱོང་བ། ཚོར་བ། སྣང་བ། ཞེན་ཆགས་སོགས་ཐོལ་རྩོམ་གྱི་རིགས་སྤེལ་པར་བྱ།

༡༡. ཚན་རྩལ་ཆ་འཕྲིན། ལེ་ཚན་འདིར་ཚན་རིག་ལག་རྩལ་དང་ཆ་འཕྲིན་སྐོར་གྱི་ཤེས་བྱ་སྣ་ཚོགས་སྤེལ་བར་བྱ།

༡༢. གསར་བྱུང་ཐ་སྙད། ལེ་ཚན་འདིར་བོད་ཀྱི་ཐ་སྙད་ཚད་ལྡན་གཅིག་གྱུར་ལ་ཉེ་བར་མཁོ་བའི་རིགས་ཏེ། རིག་གནས་ཁྱབ་ཁོངས་སོ་སོ་རུ་གསར་དུ་བྱུང་དང་འབྱུང་བཞིན་པའི་ཐ་སྙད་ལོ་ཙཱ་དང་ཁྱབ་སྒྲོག གཏན་འབེབས་བྱེད་པ། ཡང་ན་དེའི་སྐོར་གྱི་རིག་གཞུང་བགྲོ་གླེང་སོགས་སྤེལ་པར་བྱ།

ཞེས་མཚོ་སྔོན་པོ་ཟིན་བྲིས་དོ་དམ་པས།

 
 
མཚོ་སྔོན་པོ་ཟིན་བྲིས་ཀྱི་ཤིས་མཆིད།
[ 2013-2-8 13:48:03 | By: amdotibetblog ]
 

མཚོ་སྔོན་པོ་ཟིན་བྲིས་དྲ་བས་བོད་རབ་རྒྱན་ཆུ་མོ་སྦྲུལ་ལོའི་ལོ་སར་ལ་

བཀྲ་ཤིས་བདེ་ལེགས་ཞུ།


གློད་ཡངས་དང་། གོང་སྤེལ། གསར་གཏོད་ཀྱི་ཀླུང་ནས་བགྲང་བྱའི་འཁོར་ལོ་དལ་གྱིས་ཕར་བརྒལ་ཞིང་། བློ་སྤོབས་དང་། རེ་སྙེག ཡིད་ཆེས་བཅས་ཁོངས་སུ་རུམ་སྟེ་གནམ་ལོ་གསར་བའི་ཉི་གཞོན་ཤར་རིའི་རྩེ་ནས་འཕགས་པར་སྤྲོ་དགའི་འཛུམ་གྱིས་བསུས་འོང་ལ། བཀྲ་ཤིས་དང་། བདེ་སྐྱིད། ཕུན་ཚོགས་བཅས་ཀྱི་དཔལ་གྱིས་བརྟས་པའི་ཉིན་མོ་འདིའི་རྟེན་འབྲེལ་དང་བསྡོངས་ནས། མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་དྲ་བའི་ལས་བྱེད་མི་སྣ་ཡོངས་ཀྱིས་བྱང་ཆུབ་སེམས་ཀྱི་བདུད་རྩིའི་སྨན་གྱིས་གསོས་ཤིང་བཅུ་ཕྲག་རིག་པའི་བཅུད་ལས་བལྟམས་པའི་རྒྱ་ཆེ་བའི་ཟིན་བདག་དང་བཅས་རྒྱལ་ཁབ་ཕྱི་ནང་ཀུན་གྱི་བོད་མི་སྤུན་ཟླ་ཡོངས་ལ་བོད་རབ་རྒྱན་ཆུ་མོ་སྦྲུལ་ལོའི་བཀྲ་ཤིས་བདེ་ལེགས་ཞུ།

འདས་པའི་ལོ་ཟླའི་ཁུགས་དཀྱོགས་རེ་རེར། ང་ཚོས་མི་རིགས་ལ་བཅངས་པའི་དུངས་ཞེན་སྙིང་དུ་སྦས་ཤིང་དམིགས་པ་གཅིག་ཏུ་གཏད་ནས་དཀའ་སྡུག་མཐའ་དག་གདོང་གིས་བསུས་ལ། ནུས་པ་རྩལ་གྱིས་སྤྲུགས་ཤིང་འགན་འཁྲི་ལྷུར་གྱིས་བླངས་པར་བརྟེན་ནས་གོ་ལ་ཧྲིལ་བོའི་ཆ་འཕྲིན་གྱི་བང་རིམ་དུ་མངའ་བའི་ཀ་ཁའི་སྟེགས་བུ་འདི་ཉིད་ཇེ་རྒྱས་ཇེ་ལེགས་སུ་ཕྱིན་པ་སྟེ། མིག་སྔར་ཐོ་འགོད་བྱེད་མཁན་མི6000ལྷག་ལ་བསླེབས་པ་དང་། ཟིན་རྩོམ་བསྡོམས་གྲངས57000ལས་བརྒལ་ཞིང་། ཉིན་རེར་སྤེལ་བའི་ཟིན་བྲིས་ཆ་སྙོམས་ཀྱིས110ཡས་མས་ལ་བསླེབས་འདུག་པས། རིག་པའི་གནས་ལ་སྤྲོ་བས་བརྟས་པའི་སྐྱེས་བུའི་ཚོགས་ཀྱིས་བསྟོད་པའི་མེ་ཏོག་གཏོར་བའི་གནས་སུ་གྱུར་པ་དང་མཉམ་དུ། དབྱངས་གསལ་སོ་བཞིའི་མཆོར་སྒེག་ངོམ་ས་དང་ང་ཚོ་ཐུན་མོང་གི་བརྩོན་པའི་འབྲས་བུ་སྨིན་པའི་གཤིན་ས་ཞིག་ཏུ་གྱུར་འདུག མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་ཀྱི་རྒྱལ་ཁ་དང་གྲུབ་འབྲས་མཐའ་དག་རྒྱ་ཆེ་བའི་ཟིན་བདག་རྣམས་ཀྱི་བརྩོན་པའི་འདེགས་འཇོག་དང་ངལ་བའི་རྔུལ་ཆུ་བཅས་སུ་འབྲལ་ཐབས་མེད་པ་ནི་སྨོས་མ་དགོས་ཏེ། དུས་དང་རྣམ་པ་ཀུན་ཏུ་མཚོ་སྔོན་པོའི་བོད་ཡིག་ཟིན་བྲིས་ཀྱི་འཐུས་སྒོ་ཇེ་ཚང་ངམ་འཕེལ་རྒྱས་ཀྱི་བགྲོད་ལམ་ཇེ་སྙོམས་དང་ཇེ་ཡངས་སུ་འགྲོ་བར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་དང་གཅིག   ཤེས་ལྡན་པའི་ཚོགས་ཀྱིས་ཅི་དགར་རོལ་བའི་ཤེས་བྱ་རིག་པའི་ཟིལ་མངར་དང་ཡིད་ཀྱི་གསོས་ སྨན་དུ་འགྱུར་བའི་ཟིན་བྲིས་ཀྱི་སྡེ་ཕུན་སུམ་ཚོགས་པ་འདོན་སྤྲོད་བྱས་པ་དང་གཉིས། བོད་མི་རིགས་ཀྱི་རིག་གནས་གྱ་ནོམ་པ་འདི་དེང་རབས་དྲ་རྒྱ་ཅན་གྱི་དུས་རབས་ཀྱི་མཐོན་མཐིངས་མཁའ་དབྱངས་སུ་མངོན་པར་འཕགས་པར་བརྩོན་པ་ལྷུན་ལེན་བྱེད་པ་དང་གསུམ་བཅས་ད་དུང་མཐུན་རྐྱེན་གང་མང་མང་ཞིག་བསྐྲུན་དང་སྐྲུན་བཞིན་མཆིས། མདོར་ན། མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་ཀྱི་འདས་ཟིན་པའི་ཚར་དུ་དངར་བའི་སྨིན་འབྲས་མཐའ་དག་ངེད་ཟིན་བདག་རྣམས་ལ་དབང་ཞིང་། གོང་སྤེལ་གྱི་གོམ་ཁ་རེ་རེ་ངེད་ཟིན་བདག་རྣམས་ལ་བརྟེན་པ་དང་།མཚར་སྡུག་འོད་སྟོང་འབར་བའི་འབྱུང་འགྱུར་ནི་དེ་ལས་ཀྱང་ངེད་ཟིན་བདག་རྣམས་ལ་རག་ལས་པ་ཡིན། དེ་བས་རྒྱ་ཆེའི་ཟིན་བདག་རྣམས་ཀྱིས་བསམ་པའི་ཞིང་ཁམས་འདི་རུ་གཞིས་ཁྱིམ་དྲོན་མོ་རེ་རེ་བསྐྲུན་ཞིང་། ལྷག་སེམས་རྣམ་དག་གིས་ཤེས་བྱའི་སྡིངས་ཀ་འདི་ཡི་རྫོངས་ཕུན་སུམ་ཚོགས་པོར་བཏང་སྟེ་སྙན་པའི་གྲགས་པ་དབྱར་རྔའི་ཟླ་བཞིན་རྒྱས་པར་བྱས་པ་དང་། རང་མི་རིགས་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་མཛད་རྗེས་བླ་ན་ལྷག་པ་བསྐྲུན་ཡོད་པས་ཁྱེད་ཅག་ལ་ཞེ་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།

མཇུག་མཐར་དྲི་མེད་ཟླ་ཟེར་བཞིན་དཀར་བའི་ལྷག་བསམ་རྣམ་པར་དག་པས་གནམ་ལོ་གསར་བའི་བཀྲ་ཤིས་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག ལག་པའི་པདྨོ་སྙིང་ཁར་ཟུམ་སྟེ་བོད་ཡུལ་ཆོལ་ཁ་གསུམ་དུ་དབང་གི་རྒྱལ་པོ་མངའ་བ་ཇི་བཞིན་སྡེ་བཞིའི་དཔལ་གྱིས་གཏམས་ཤིང་མངའ་ཐང་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་ཇི་བཞིན་ཟླུམ་གཟུགས་གོ་ལའི་མཁའ་རུ་མངོན་པར་འཕགས་པ་དང་། རྒྱལ་ཁབ་ཕྱི་ནང་དུ་མངའ་བའི་ཤ་རུས་གདུང་རྒྱུད་གཅིག་པའི་བོད་རིགས་སྤུན་ཟླ་ཡོངས་མི་འདོད་རྐྱེན་ངན་དང་འཚེ་བ་ཡོང་ཡེ་མི་མཆིས་པར་མཐུན་རྐྱེན་དལ་འགྲོ་ཆུ་བོའི་རྒྱུན་བཞིན་རིང་ནས་རིང་དུ་མཆིས་ཤིང་བསོད་ནམས་ལོངས་སྤྱོད་ཀྱི་དཔལ་ཡོན་དབྱར་མཚོ་ལྟར་རྒྱས་པའི་བཀྲ་ཤིས་སྨོན་འདུན་ཞུའོ།

 
 
མཚོ་སྔོན་པོ་དྲ་བའི་གསར་འགྱུར་ལ་དཔྱད་བརྗོད་འཇོག་ཆོག་པའི་སྐུལ་བརྡ།
[ 2012-11-19 11:50:17 | By: amdotibetblog ]
 

         རྒྱ་ཆེ་བའི་དྲ་གྲོགས་རྣམ་པ་ལགས། ཉེ་ལམ།  བོད་ཡིག་གསར་འགྱུར་གྱི་སྤུས་ཚད་མཐོར་འདེགས་དང་། བོད་ཀྱི་དྲ་རྒྱའི་རིག་གནས་ཕྱོགས་ཡོང་གོང་སྤེལ་བྱེད་པར། དྲ་གྲོགས་རྣམས་ཀྱིས་གསར་འགྱུར་གང་རུང་ལ་བསམ་འཆར་རེ་འདྲེན་པར་རེ་སྟེ།  མཚོ་སྔོན་པོ་དྲ་བས་གསར་འགྱུར་དཔྱད་བརྗོད་ཀྱི་ནུས་པ་སྒྲིག་བཟོ་བྱས་ནས་ད་ལྟ་མཚོ་སྔོན་པོ་དྲ་བའི་གསར་འགྱུར་གང་རུང་ལ་དངོས་སུ་དཔྱད་བརྗོད་བཞག་ཆོག   

གསར་འགྱུར་དཔྱད་བརྗོད་སྤེལ་གནས།

         དེ་ཡང་གསར་འགྱུར་རེ་རེའི་གཤམ་དུ་དཔྱད་བརྗོད་འཇོག་པའི་གནས་ཤིག་སྟེ། “ཐོ་འགོད་མིང”དང་། “གསང་གྲངས”། “སྐུ་མགྲོན་དཔྱད་བརྗོད”བཅས་ཡོད་པ་དེར“ཐོ་འགོད་མིང”དང“གསང་གྲངས”ལ་དོ་སྣང་བྱེད་མི་དགོས་ཤིང་། “སྐུ་མགྲོན་དཔྱད་བརྗོད”བདམས་རྗེས“ཐོ་འགོད་མིང”དུ་ཆེ་གེ་མོ་ཞེས་པའི་ཡི་གེ་རང་ཤུགས་སུ་འཆར་ངེས་པ་དང་། དེ་མུར་གཞི་ནས་དཔྱད་བརྗོད་བཞག་ཆོག་པ་ཡིན།
         མཐར། བོད་ཀྱི་དྲ་རྒྱའི་རིག་གནས་ནི་གཞིས་བྱེས་བོད་མི་ཡོངས་ཀྱི་ཁེ་ཕན་ལ་ཤིན་ཏུ་འབྲེལ་བས། རྒྱ་ཆེ་བའི་དྲ་གྲོགས་ཡོངས་ཀྱིས་དྲ་བའི་རྒྱང་རིང་གི་ཁེ་ཕན་དང་རིག་གནས་ཀྱི་དར་རྒྱས་ལ་དགོངས་ཏེ་མཚོ་སྔོན་པོ་དྲ་བའི་གསར་འགྱུར་གང་རུང་ལ་གོ་བསྐོན་བློ་འགུག་གི་བསམ་འཆར་རེ་འདྲེན་པར་སྙིང་ནས་སྐུལ་ལོ།།

 
 
སློབ་རའི་གསར་སྐྱེས་འོས་སྦྱོར།
[ 2012-9-6 10:03:36 | By: amdotibetblog ]
 

སློབ་རའི་གསར་སྐྱེས་འོས་སྦྱོར།

 

                                      

རྒྱ་ཆེ་བའི་དྲྭ་གྲོགས་རྣམ་པ།

         ངེད་ཟིན་བྲིས་ཀྱིས་སློབ་ར་ལ་ཁ་ཕྱོགས་ནས་སྤྱོད་ཡོན་གཉིས་ལྡན་གྱི་གསར་སྐྱེས་པ་མཚམས་སྦྱོར་གྱི་ལེ་ཚན༼སློབ་རའི་གསར་སྐྱེས་འོས་སྦྱོར༽ཞེས་པ་བསྒྲིགས་ཡོད་ཅིང་། དེ་ལ་ཀུན་གྱིས་དོ་སྣང་ཡང་བྱེད་མུས་རེད། འོན་ཀྱང་མིག་སྔར་དྲ་བའི་མདུན་ཅོག་ཏུ་སྣང་བ་དེ་དག་ལས་ཕལ་ཆེ་བ་སློབ་མཐར་ཕྱིན་ནས་སྤྱི་ཚོགས་སུ་ཞུགས་ཟིན་པ་འདྲ། དེ་བས་ང་ཚོས་མདུན་ཅོག་ཏུ་གསར་སྐྱེས་གསར་བ་འོས་སྦྱོར་བྱེད་རན་འདུག་ན། དྲྭ་གྲོགས་རྣམས་ཀྱིས་མཚོ་སྔོན་པོ་ཟིན་བྲིས་ཀྱི་ཀློང་ན་འགྲིམ་བཞིན་པའི་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་གྱི་སློབ་བུ་འཇོན་ཐང་ཅན་ངོ་ཤེས་ཚེ་ཕན་ཚུན་འོས་སྦྱོར་དང་རང་ཉིད་འོས་སྦྱོར་ཡོད་པ་ཞུ།

                                                                      ཞེས་མཚོ་སྔོན་པོ་ཟིན་བྲིས་དོ་དམ་པས།

                                                                                 ཟླ༩པའི་ཚེས༦ཉིན།

 
 
བོད་ཡིག་རྩོམ་གཞུང་གཏག་ཡིག་བསྡུ་གསོག་གི་བརྡ་ཁྱབ།
[ 2012-8-2 10:04:48 | By: amdotibetblog ]
 

        ངེད་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས《 བོད་ཡིག་ཤེས་སྟོབས་ཅན་གྱི་འདུས་གྲུབ་སྤྲིན་རྩིས་གཞིའི་དྲ་སྟེགས་ཆེན་མོར་ཞིབ་འཇུག་དང་འཛུགས་སྐྲུན》 ཞེས་པའི་ལས་གཞི་ཆེན་པོ་ཞིག་སྒྲུབ་འགོ་བརྩམས་ཡོད། འདིས་བོད་ཡིག་ཆ་འཕྲིན་གྱི་སྟོང་ཆ་མང་པོ་ཞིག་སྐོང་འཆར་ཡོད་དེ། བྱེ་བྲག་ཏུ་བཤད་ན་བོད་ཡིག་འཚོལ་བཤེར་སྣེ་ཤན་མ་ལག་དང་། བོད་ཡིག་བསྟན་བཅོས་ཕྱི་མོ་འཚོལ་བཤེར་མ་ལག བོད་ཡིག་རིག་མཛོད་དྲི་བ་དྲིས་ལན་མ་ལག་བཅས་གཞི་གཅིག་ཏུ་འདུས་གྲུབ་བྱུང་བའི་སྤྲིན་རྩིས་གཞིའི་དྲ་སྟེགས་ཤིག་བཟོ་རྒྱུ་ཡིན།

        བོད་ཡིག་འཚོལ་བཤེར་སྣེ་ཤན་མ་ལག་ལ་མཚོན་ན་རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པ་མང་པོ་ཞིག་གིས་ལོ་ངོ་བཅུ་ཕྲག་ལྷག་ལ་ཞིབ་འཇུག་དང་ཚོད་ལྟ་བྱས་ཀྱང་། རྩིས་འཕྲུལ་ནས་བོད་ཡིག་ངོས་འཛིན་གྱི་ལག་རྩལ་མཐིལ་ཕྱིན་པ་ཞིག་རེག་མ་ཐུབ་ཕྱིར་ད་ལྟའི་བར་དུ་མཇུག་འབྲས་མ་སྨིན་པར་ལྷག་ཡོད་པ་རེད། དེ་བཞིན་དུ་བོད་ཡིག་བསྟན་བཅོས་ཀྱི་ཕྱི་མོ་མ་ལུས་རྩིས་འཕྲུལ་དུ་འཇུག་པའམ་དེ་དག་ཐམས་ཅད་གྲངས་འཛིན་ཅན་དུ་བསྒྱུར་བའི་ལས་ལ་ཞུགས་མཁན་ནམ་ཉམས་ཞིབ་བྱེད་མཁན་ཡང་གཞི་ནས་མང་པོ་ཞིག་མེད་པ་རེད། སློབ་གཉེར་པ་རྣམས་ལ་མི་ཤེས་ལན་འདེབས་དང་གང་མཁོ་དེ་སྤྲོད་ཀྱི་བོད་ཡིག་རིག་མཛོད་དྲི་བ་དྲིས་ལན་གྱི་མ་ལག་ཅིག་ཀྱང་འཐུས་ཚང་དུ་ཆགས་མེད། གོང་སྨོས་དག་ནི་བོད་ཡིག་ཆ་འཕྲིན་གྱི་སྟོང་ཆ་ཡིན་པ་མ་ཟད་འཛམ་གླིང་ཆ་འཕྲིན་གྱི་རྗེས་སུ་ལུས་པའི་མཚོན་རྟགས་ཤིག་ཀྱང་རེད། སྤྱིར་བོད་ཡིག་རང་སྟེང་ནས་དགེ་མཚན་མ་ལུས་ཚང་ཡོད་ནའང་བེད་སྤྱོད་གཏོང་མཁན་གང་ཟག་གི་རིག་སྟོབས་ཞན་པའི་གནས་སུ་ལྷུང་སྟེ་སྔོག་འདོན་ཚེགས་དཀའ་བར་གྱུར་འདུག དེར་བརྟེན། བོད་ཡིག་ཀྱང་འཛམ་གླིང་ཆ་འཕྲིན་གྱི་ཆུ་གཏེར་ཆེན་པོའི་ཀློང་དུ་རིན་ཆེན་ནོར་བུའི་གླིང་ཕྲན་ཞིག་ཏུ་བསྒྱུར་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་གནས་སུ་བབས་ཡོད་དོ། །

        གོང་གི་རྒྱུ་མཚན་ལ་དམིགས་ཏེ། མཚོ་ལྷོ་ཁུལ་བོད་ཀྱི་སྐད་ཡིག་ལས་དོན་གཞུང་སྒྲུབ་ཁང་གིས་མིག་རྒྱ་ཡངས་པར་ཕྱེས་ཏེ་རྒྱང་རིང་ཕུགས་ལ་གཞིགས་ཤིང་། བོད་ཡིག་ཆ་འཕྲིན་གོང་སྤེལ་གྱི་བྱ་གཞག་ཁག་པོ་རང་སྟོབས་ཀྱིས་ཐེག་ཏུ་བླངས། མ་ཟད་ཁུལ་ཨུ་དང་ཁུལ་སྲིད་གཞུང་ལ་ཡང་ཡང་སྙན་ཞུ་ཕུལ་མཐར། གོང་སྲིད་གཞུང་ནས་ཀྱང་བོད་ཡིག་ཆ་འཕྲིན་འཛུགས་སྐྲུན་དང་གོང་སྤེལ་ཐད་ལ་ངེས་ཤེས་གསལ་མོ་འདྲོངས་ཤིང་། རྒྱུ་ཤུགས་དང་མི་ཤུགས་གང་ཐད་ནས་མཐུན་རྐྱེན་གང་ལེགས་སྦྱོར་རྒྱུའི་ཁས་འཆེས། དེ་བཞིན་དུ་ངེད་མཚོ་སྔོན་པོ་ཆ་འཕྲིན་དྲ་རྒྱའི་ལྟེ་གནས་ཀྱང་དགོས་དབང་ལ་དམིགས་ནས་མཚོ་ལྷོ་ཁུལ་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་སུ་མིང་བསྒྱུར་ཞིང་། ཁུལ་དང་ཞིང་ཆེན་རིམ་པའི་ཆོག་མཆན་ཐོབ་སྟེ། ཆེད་དུ་བོད་ཡིག་ཆ་འཕྲིན་ཅན་གྱི་འཛུགས་སྐུན་ཕྱོགས་ལ་ཞིབ་འཇུག་བྱེད་པའིསྡེ་ཁག་ཅིག་ཏུ་ཆགས་ཡོད། 

        《 བོད་ཡིག་ཤེས་སྟོབས་ཅན་གྱི་འདུས་གྲུབ་སྤྲིན་རྩིས་གཞིའི་དྲ་སྟེགས་ཆེན་མོར་ཞིབ་འཇུག་དང་འཛུགས་སྐྲུན》 ཞེས་པའི་ལས་གཞི་ཆེན་པོ་འདི་འགྲུབ་པ་ལ་བོད་ཡིག་ཆ་འཕྲིན་གྱི་ཆེད་ལས་མཁས་པའི་དཔུང་སྡེ་ཞིག་ནི་མེད་དུ་མི་རུང་བས་ན། ང་ཚོས་ནུབ་བྱང་མི་རིགས་སློབ་ཆེན་དང་། པེ་ཅིང་སློབ་ཆེན། ཀྲུང་གོའི་ཚན་རྩལ་སློབ་ཆེན། བོད་ལྗོངས་སློབ་ཆེན། མཚོ་སྔོན་དགེ་ཐོན་སློབ་ཆེན། ཀྲུང་གོའི་རྨང་གཞི་ཚད་ལྡན་ཅན་གྱི་ཞིབ་འཇུག་གླིང་སོགས་སློབ་ཆེན་དང་སྡེ་ཁག་གི་ཆེད་དུ་བོད་ཡིག་ཆ་འཕྲིན་གྱི་ཞིབ་འཇུག་ལ་གཞོལ་བའི་སློབ་དཔོན་ཆེན་མོ་བརྒྱད་གདན་ཞུས་ཏེ།  ཁོང་རྣམས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་གཞི་གཅིག་ཏུ་བསྡུས་ནས་གོང་བུ་ཆིག་སྒྲིལ་གྱིས་བོད་ཡིག་ཆ་འཕྲིན་ལག་རྩལ་ལ་ཞིབ་འཇུག་གནང་བའི་རྩ་འཛུགས་ཤིག་གམ་སྒྲིག་གཞི་ཞིག་ཐོག་མར་གྲུབ་ཡོད། ཆེད་མཁས་པ་དག་གིས་ནི་གཙོ་བོར་བོད་ཡིག་གི་མིང་ངམ་ཚིག་གི་དགར་སྟངས་དང་ཚིག་གི་ངོ་བོ་གསལ་འབྱེད་ཀྱི་ཐབས་ཤེས་གསར་གཏོད་བྱེད་པ། བོད་ཡིག་བསྟན་བཅོས་ཀྱི་ཕྱི་མོ་མ་ལུས་གྲངས་འཛིན་ཅན་དུ་བསྒྱུར་བ། དེ་མིན་འཚོལ་བཤེར་མཉེན་ཆས་དང་། བྱ་ར་མཉེན་ཆས། དཔྱད་བཤེར་མཉེན་ཆས་སོགས་ལག་རྩལ་གྱི་གཏིང་རིམ་ནས་མཉེན་ཆས་ཞིབ་འཇུག་དང་གསར་གཏོད། ཇུས་འགོད། བཀོལ་སྤྱོད་གཏོང་བའི“སྣོད”ཀྱི་བཞེངས་སྐྲུན་ཕྲག་ཏུ་བཞེས་ཡོད།

        དེ་ན“སྣོད”ཆེན་པོ་དེ་ལ་བླུག་བྱ་ནི་བོད་ཀྱི་རྔམས་སུ་མཐུག་ཅིང་དཔངས་སུ་སྟུག་པའི་བོད་ཀྱི་རིག་གནས་ཡིན་ནོ། །རགས་རྩིས་བྱས་པ་ལྟར་ན། སྤྱི་ལོ་དུས་རབས་བདུན་པ་ནས་དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་པའི་བར་དུ། བོད་ཀྱི་རིམ་བྱུང་བསྟན་བཅོས་སམ་གསུང་རབ་བམ་རྩོམ་གཞུང་རིགས་སྣ35000ལྷག་ཡོད་ཅིང་། བཀའ་འགྱུར་དང་བསྟན་འགྱུར་གཙོས་ནང་བསྟན་གྱི་རྩོམ་གཞུང་ཆེས་མང་ཤོས་ཡིན། ཡིན་ཡང་ཚད་མེད་པའི་བསྟན་བཅོས་སམ་གསུང་རབ་བམ་རྩོམ་གཞུང(གཤམ་དུ་རྩོམ་གཞུང་ཞེས་བསྡུས་རྒྱུ)འདི་དག་གི་ཉར་ཚགས་ཀྱི་གནས་ཚུལ་ལ་བསམ་ན་ཉམས་དམས་སུ་མཆིས་ཏེ། ཕལ་ཆེ་བ་དགོན་སྡེ་དང་། དཔེ་མཛོད་ཁང་། ཞིབ་འཇུག་ཁང་། ཡིག་ཚགས་ཁང་། རྟེན་མཛོད་ཁང་། མི་སྒེར་གཞིས་ཁྱིམ་སོགས་སུ་ཉར་ཡོད་པས་བོར་བརླག་ཚབས་ཆེ་བ་མ་ཟད། ས་རྡུལ་གྱི་ཀློང་ན་བག་ལ་ཉལ་ཏེ“ཉར་ཚགས་གཙོ་བོ་དང་བཀོལ་སྤྱོད་ཕལ་བའི”སྲོལ་རྒྱུན་གྱི་གོམས་གཤིས་མཐུག་པོས་བསྟིམས་པར་མཆིས་ཤིང་། བོད་ཀྱི་ལོ་རྒྱུས་དང་རིག་གནས། གསོ་རིག སྲིད་བྱུས་སོགས་ལ་ཞིབ་འཇུག་དང་རྒྱུན་འཛིན་བྱེད་པ་ལའང་བར་ཆད་དང་བཀག་རྒྱ་ཐེབས་ཀྱིན་ཡོད། དེར་བརྟེན། ཉར་ཚགས་ལེགས་པོ་དང་བཀོལ་སྤྱོད་ཧུར་པོ་གཏོང་དགོས་ན་ཐམས་ཅད་རྩིས་འཕྲུལ་གྱི“སྣོད”ཆེན་པོ་འདིར་བླུག་རྒྱུ་ནི་ང་ཚོའམ་དུས་རབས་འདིའི་འགན་འཁྲི་ཉག་ཅིག་ཡིན། 

        དེར་བརྟེན། ངེད་ཞིབ་འཇུག་ལྟེ་གནས་ཀྱིས་འཆར་བཀོད་ལྟར་ལོ་བཞི་ནས་ལྔའི་ནང་བཀའ་བསྟན་འགྱུར་གཙོ་བྱས་གཤམ་གསལ་ཕྱོགས་དྲུག་གི་རྩོམ་གཞུང་ཡོད་དོ་ཅོག་རྩིས་འཕྲུལ་དུ་ནང་འཇུག་བྱ་རྒྱུ་ཡིན་པས། དེ་རིང་འདིར་ཆེད་དུ་བརྡ་ཁྱབ་བཏང་སྟེ། ཡུལ་གྲུ་སོ་སོའམ་དཔེ་མཛོད་ཁང་དང་རྟེན་མཛོད་ཁང་། པར་སྐྲུན་ཁང་། དགོན་སྡེ་ཁག་སོ་སོ་ན་ལས་འདིར་སྤྲོ་བ་ཡོད་པའི་སྤུན་ཟླ་རྣམས་ཀྱི་ཕྱག་སོར་བཞུགས་པའི་གཏག་ཡིག་གི་མ་ཕྱི་མཐུན་རྐྱེན་གནང་རྒྱུ་དང་། ཡང་ན་ང་ཚོའི་དཔུང་སྡེ་ཁྲོད་དུ་ཞུགས་འདོད་པ་ཡོད་ན་ཕྱིས་སུ་ང་ཚོས་རྩོམ་གཞུང་གཏག་མཁན་གྱི་མཚན་བྱང་བྲི་རྒྱུ་མ་ཟད་གཏག་གླ་ཡང་འོས་འཚམ་གནང་རྒྱུ་ཡིན།

        གཅིག བཀའ་བསྟན་འགྱུར་གྱི་ཕྱི་མོ་གྲངས་འཛིན་ཅན་དུ་བསྒྱུར་བ།

        བཀའ་འགྱུར་དང་བསྟན་འགྱུར་ལ་བསྡོམས་པས་རྩོམ་གཞུང4570ལྷག་ཡོད་ཅིང་། སྡེ་སྣོད་གསུམ་དང་བརྒྱུད་སྡེ་བཞི་བཅས་ཚད་མ་རིག་པ་དང་། རྩོམ་རིག  སྒྱུ་རྩལ། སྐད་བརྡ། ཤེར་རྟོགས་རིག་པ། སྐར་རྩིས་རིག་པ། གསོ་བ་རིག་པ། བཟོ་རིག་པ་སོགས་འདུས་པོ་ཅོག གཞན་བོན་པོའི་བཀའ་བསྟན་འགྱུར། དེ་ལ་རིགས་གཉིས་ཡོད་ཅིང་། བོན་པོའི་བཀའ་བསྟན་ལག་བྲིས་མར་བེམ་པོ157དང་ནག་ཆུ་པར་མའི་བོན་པོའི་བསྟན་འགྱུར་ལ་བེམ་པོ380ཡོད་པར་བཤད།

        གཉིས། གྲུབ་མཐའི་ལོ་རྒྱུས་སོགས་ས་ཁམས་རིག་གནས་རྩོམ་གཞུང་གི་ཕྱི་མོ་གྲངས་འཛིན་ཅན་དུ་བསྒྱུར་བ།

        དུས་རབས་བཅུ་གཅིག་པ་ནས་བཅོ་ལྔའི་བར་ནི་བོད་བརྒྱུད་ནང་བསྟན་རིག་གནས་མ་ལག་ཅན་དུ་འགྱུར་བའི་དུས་སྐབས་ཡིན་པ་དང་། རིགས་པའི་གཞུང་ལུགས་དར་ཁྱབ་ཆེ་བའི་དུས་སྐབས་ཡིན། ཆོས་འབྱུང་དང་རྣམ་ཐར། གདན་རབས་སོགས་ཕུན་སུམ་ཚོགས་པ་མཆིས། མདོར་ན་རྙིང་མ་པ། བཀའ་གདམས་པ། བཀའ་རྒྱུད་པ། ས་སྐྱ་པ། དགེ་ལུགས་པ། ཇོ་ནང་པ་། ཞི་བྱེད་པ་སོགས་རིས་སུ་མ་ལྷུང་བའི་གྲུབ་མཐའ་ཁག་གི་རྩོམ་གཞུང་ཡོད་དོ་ཅོག གཙོ་བོ་ལ་དཔེར་ན། ལྡེའུ་ཇོ་སྲས་ཀྱིས་མཛད་པའི《 ལྡེའུ་ཆོས་འབྱུང》 དང་། ཤཱཀྱ་རིན་ཆེན་སྡེས་མཛད་པའི《 ཡར་ལུང་ཇོ་བའི་ཆོས་འབྱུང》 ། བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད་པའི《 བུ་སྟོན་ཆོས་འབྱུང》 ། ཐུའུ་བཀན་བློ་བཟང་ཆོས་ཀྱི་ཉི་མས་མཛད་པའི《 ཐུའུ་བཀན་གྲུབ་མཐའ》 ། མྱང་ཉི་མ་འོད་ཟེར་གྱིས་མཛད་པའི《 མྱང་ཆོས་འབྱུང》 ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི《 དགའ་ལྡན་ཆོས་འབྱུང་བཻཌཱུརྱ་སེར་པོ》 །  པཎ་ཆེན་བསོད་ནམས་གྲགས་པས་མཛད་པའི《 བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན》 ། འབྲུག་པ་པདྨ་དཀར་པོས་མཛད་པའི《 འབྲུག་པ་ཆོས་འབྱུང》 ། བྲག་སྒོམ་པ་བསྟན་པ་རབ་རྒྱས་ཀྱིས་མཛད་པའི《 མདོ་སྨད་ཆོས་འབྱུང》 སོགས་ལྟ་བུའི་རྩ་ཆེན་དཀོན་པོ་དག

        གསུམ། སྲིད་དོན་ལོ་རྒྱུས་རྩོམ་གཞུང་གི་ཕྱི་མོ་གྲངས་འཛིན་ཅན་དུ་བསྒྱུར་བ།

        བོད་ཀྱི་རྒྱལ་རབས་རིམ་བྱུང་གི་ལོ་རྒྱུས་དང་། ས་གནས་ལོ་རྒྱུས། ཚོ་ཁག་གི་ལོ་རྒྱུས། ཁྱིམ་རྒྱུད་ལོ་རྒྱུས། མི་སྣའི་ལོ་རྒྱུས། བཀའ་ཡིག ཆབ་ཤོག བཅའ་ཡིག་དང་བཅས་པ།

        བཞི། བོད་ཀྱི་བརྡ་སྤྲོད་རིག་པའི་རྩོམ་གཞུང་གི་མ་ཕྱི་གྲངས་འཛིན་ཅན་དུ་བསྒྱུར་བ།

        བོད་ཡིག་བཀས་བཅད་ཐེངས་གསུམ་མཛད་དེ་གཏན་ལ་ཕབ་པའི་བསྟན་བཅོས《 སྒྲ་སྦྱོར་བམ་གཉིས》 ལ་སོགས་པ། སུམ་རྟགས་དག་གསུམ་གྱི་བརྡ་སྤྲོད་པའི་བསྟན་བཅོས་མ་ལུས། དེ་མིན་ཉེ་དེང་དུས་སུ་བརྩམས་པའི་བརྡ་སྤྲོད་རིག་པ་དང་སྐད་ཡིག་ཚད་ལྡན་ལེགས་བཅོས་སྐོར་གྱི་དཔྱད་རྩོམ་སྐོར།

        ལྔ། གསོ་བ་རིག་པ་དང་བསྟན་རྩིས་རྩོམ་གཞུང་གི་ཕྱི་མོ་གྲངས་འཛིན་ཅན་དུ་བསྒྱུར་བ།

        《 རྒྱུད་བཞི》 དང《 དཔའ་བོའི་སྙིང་བོ་བསྡུས་པ》 ། 《 བཻ་སྔོན》 དང《 བཻ་དཀར》 སོགས་གསོ་བ་རིག་པ་དང་རྩིས་དཀར་ནག་གི་གཞུང་མ་ལུས། དེ་མིན་དེང་དུས་དཔར་བསྐྲུན་མཛད་པའི་གསོ་རིག་དང་རྩིས་གཞུང་གི་དཔེ་ཆ་སྣ་ཚོགས། གཞན་སློབ་གྲྭ་ཆེ་འབྲིང་གི་གསོ་བ་རིག་པའི་སློབ་དེབ་སྣ་ཚོགས།

        དྲུག དུས་རབས་རིམ་བྱུང་གཞུང་ཡིག་གི་ཕྱི་མོ་གྲངས་འཛིན་ཅན་དུ་བསྒྱུར་བ།

        བོད་ཁུལ་དཔེ་མཛོད་ཁང་སོགས་ན་ཉར་ཡོད་པའི་ཡིག་ཚགས་གཙོ་བྱས་ཆབ་སྲིད་དང་དཔལ་འབྱོར། རིག་གནས། ཆོས་ལུགས། དམག་དོན། སྲིད་འཛིན་སྒྲིག་གཞི། སྒྲིག་ཁྲིམས་དང་བཅའ་ཁྲིམས། དེ་མིན་ཆོས་སྲིད་གང་རུང་གི་བླ་དཔོན་དང་ཁྲི་ཐོག་རིམ་བྱོན་གྱི་ལོ་རྒྱུས་ཡིག་ཚང་སོགས། 

        གོང་བསྟན་ཕྱོགས་དྲུག་གི་རྩོམ་གཞུང་མ་ཕྱི་ལག་སོན་ཅི་བྱུང་གཏག་ཡིག་ཏུ་ཕབ་ཟིན་པའམ་གཏག་འདུན་ཡོད་པ་རྣམས་ཀྱིས་ང་ཚོར་འབྲེལ་གཏུགས་ཀྱིས་མཐུན་རྐྱེན་གང་ལེགས་སྦྱར་ན། ང་ཚོས་ཀྱང་དེར་འཕྲོད་ཀྱི་བཀའ་དྲིན་མི་དམན་པའི་དྲིན་ལན་སློག་ངེས་ཡིན། 

                           འབྲེལ་གཏུགས། རྡོ་རྗེ་རབ་བརྟན། ཁ་པར། 13897788327

                           ཡིག་ཟམ། djld71@163.com



                             མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས།

                                                              2012ལོའི་ཟླ8པའི་ཚེས1ཉིན། 


 
 
ཟིན་རྩོམ་དང་ལེ་ཚན་འཕྲོད་སྦྱོར་རེ་ཞུ།
[ 2012-4-9 18:11:13 | By: amdotibetblog ]
 

ཟིན་རྩོམ་དང་ལེ་ཚན་འཕྲོད་སྦྱོར་རེ་ཞུ།

        

ལེགས་བཅོས་རིམ་སྤར་བྱས་རྗེས་ཀྱི་མཚོ་སྔོན་པོ་ཟིན་བྲིས་ལ་བྱེ་བྲག་ཏུ་ལེ་ཚན་བཅུ་གཉིས་སུ་དབྱེ་ཡོད་པས། ཟིན་བྲིས་པའི་སྡེ་ནས་རང་རང་གི་ཟིན་རྩོམ་གཞུང་དངོས་ཀྱི་ངོ་བོ་ལ་གཞིག་སྟེ་གང་ལ་གང་འཚམ་དང་ཅི་ལ་ཅི་མཐུན་གྱི་ལེ་ཚན་གདམ་པར་རེ་བ་ནན་ཞུ་བྱས་པ་ཡིན། གང་འདོད་དུ་ལེ་ཚན་འདེམས་ཚེ་ཟིན་བྲིས་མདུན་ངོས་ཀྱི་མཛེས་གྲ་ཡོངས་སུ་ཉམས་ཆག་ཏུ་སོང་འདུག་ན། ཀུན་གྱིས་ཐུགས་གཙིགས་གནང་རྒྱུ་མཁྱེན།

         ༡. འཕྲིན་གསར་ཀུན་གླེང་། ལེ་ཚན་འདིར་སྐབས་དོན་གྱི་གསར་བྱུང་གནས་ཚུལ་རིགས་སྤེལ་པར་བྱ།

         ༢. རིག་གནས་བརྒལ་བརྟག ལེ་ཚན་འདིར་རིག་གཞུང་ཞིབ་འཇུག་དང་བགྲོ་གླེང་། དཔྱད་བརྗོད་གཙོ་བྱས་མི་སྣ་ངོ་སྤྲོད། བཅར་འདྲི། དྲི་བ་དྲིས་ལན་སོགས་སྤེལ་པར་བྱ།འདི་ནི་ཅུང་ཁྱབ་རྒྱ་ཆེ་བའི་ལེ་ཚན་ཞིག་གམ་ཟིན་བྲིས་ཀྱི་སྲོག་ཤིང་ལྟ་བུ་ཡིན།

         ༣. སློབ་གསོ་ལག་ལེན། ལེ་ཚན་འདིར་སློབ་གསོ་རྐྱང་རྐྱང་གི་ཉམས་མྱོང་དང་ལག་ལེན། ཞིབ་འཇུག་སྐོར་སྤེལ་པར་བྱ།

         ༤. རྩོམ་རིག་བརྩམས་ཆོས། ལེ་ཚན་འདིར་སྒྲུང་གཏམ་དང་། སྙན་ངག ལྷུག་རྩོམ་སོགས་རྩོམ་རིག་བརྩམས་ཆོས་ཁོ་ན་སྤེལ་པར་བྱ། རྩོམ་རིག་དཔྱད་བརྗོད་སོགས༼རིག་གནས་བརྒལ་བརྟག༽ལེ་ཚན་དུ་སྤེལ་རོགས།

         ༥. སློབ་རའི་རིག་གནས། ལེ་ཚན་འདི་ནི་སློབ་མ་རྣམས་ལ་ཆེད་དུ་བཟོས་པ་ཡིན་པས། སློབ་གྲྭ་རུ་བསླབ་ལ་གཞོལ་སྒང་གི་ཟིན་བྲིས་པ་དག་གིས་བཀོལ་པར་རིགས་ལ། དེ་རུ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བྱ་འགུལ་སྣ་ཚོགས་དང་རིག་གནས་སྣང་ཚུལ་སོགས་སྤེལ་པར་བྱ།

         ༦. བརྙན་གཟུགས་རྩེད་འཇོ། ལེ་ཚན་འདིར་བརྙན་གཟུགས་དང་པར་རིས། རིག་གནས་རོལ་རྩེད། ཁ་མཚར། གླུ་ཚིག་དང་གླུ་དབྱངས་སོགས་སྤེལ་པར་བྱ།

         ༧. གསོ་རིག་ཁམས་སྲུང་། ལེ་ཚན་འདིར་གསོ་རིག་གཞུང་ལུགས་དང་། གསོ་རིག་རྒྱུན་ཤེས། གསོ་རིག་ཆ་འཕྲིན། ལུས་ཁམས་བདེ་སྲུང་། སྨན་སྣ་མཚམས་སྦྱོར་སོགས་སྤེལ་པར་བྱ།

         ༨. གནས་སྐོར་རྒྱང་མཇལ། ལེ་ཚན་འདིར་རྩོམ་ལུས་གང་རུང་ནས་བྲིས་པའི་གནས་སྐོར་ཟིན་བྲིས་དང་། གནས་ས་གནས་རི་ངོ་སྤྲོད། སྐྱེ་ཁམས་སྲུང་སྐྱོབ་སོགས་ཀྱི་སྐོར་སྤེལ་པར་བྱ།

         ༩. བརྩེ་སེམས་དུངས་བརྗོད། ལེ་ཚན་འདི་ནི་སྙན་ངག་འབྲི་བའི་ཟིན་བྲིས་པའི་སྡེ་ལ་ཆེད་དུ་རྒྱ་བསྐྱེད་ནས་བཟོས་པ་ཞིག་ཡིན་ཏེ། གཙོ་བོ་བརྩེ་བའམ་དུངས་སེམས་མཚོན་པའི་རྩོམ་རིག་བརྩམས་ཆོས་དང་། ཡང་ན་བསླབ་བྱའི་རིགས་སྤེལ་པར་བྱ།

        ༡༠. འཚོ་བའི་མྱོང་སྣང་། ལེ་ཚན་འདིར་སྤྱི་ཚོགས་འཚོ་བའི་ཁྲོད་དངོས་སུ་བྱུང་བ་དང་མྱོང་བ། ཚོར་བ། སྣང་བ། ཞེན་ཆགས་སོགས་ཐོལ་རྩོམ་གྱི་རིགས་སྤེལ་པར་བྱ།

        ༡༡. ཚན་རྩལ་ཆ་འཕྲིན། ལེ་ཚན་འདིར་ཚན་རིག་ལག་རྩལ་དང་ཆ་འཕྲིན་སྐོར་གྱི་ཤེས་བྱ་སྣ་ཚོགས་སྤེལ་བར་བྱ།

       ༡༢. གསར་བྱུང་ཐ་སྙད། ལེ་ཚན་འདིར་བོད་ཀྱི་ཐ་སྙད་ཚད་ལྡན་གཅིག་གྱུར་ལ་ཉེ་བར་མཁོ་བའི་རིགས་ཏེ། རིག་གནས་ཁྱབ་ཁོངས་སོ་སོ་རུ་གསར་དུ་བྱུང་དང་འབྱུང་བཞིན་པའི་ཐ་སྙད་ལོ་ཙཱ་དང་ཁྱབ་སྒྲོག  གཏན་འབེབས་བྱེད་པ། ཡང་ན་དེའི་སྐོར་གྱི་རིག་གཞུང་བགྲོ་གླེང་སོགས་སྤེལ་པར་བྱ།

          གསལ་འདེབས། དེ་རིང་ནས་བཟུང་ཟིན་རྩོམ་དང་ལེ་ཚན་གཉིས་ཕན་ཚུན་འཕྲོད་སྦྱོར་མེད་པར་རྟ་མགོ་ལུག་སུག་གི་སྣང་ཚུལ་མུ་མཐུད་དུ་བྱུང་ན། ཟིན་རྩོམ་དེ་གཤེར་བྱའི་ཁྲོད་ནས་བསྐྱུར་ངེས་ཡིན་པ་ཐུགས་འཇགས་འཚལ། ལྷག་པར་དུ་སྙན་ངག་འབྲི་མཁན་དག་གིས་དོ་སྣང་ཡོད་པར་འཚལ། གལ་ཏེ་འོས་འཚམ་གྱི་ལེ་ཚན་མེད་ན་ཅུང་ཆ་འདྲ་བའི་ལེ་ཚན་ཞིག་གདམ་ཆོག

                                                       

                                                       ཞེས་མཚོ་སྔོན་པོ་ཟིན་བྲིས་དོ་དམ་པས།

 
 
བཟོད་གསོལ་དང་རེ་འབྲས།
[ 2012-4-1 11:42:45 | By: amdotibetblog ]
 

                 བཟོད་གསོལ་དང་རེ་འབྲས།

ཏག་ཏག་ཟླ་གཅིག་གི་རིང་ལ་ངེད་དྲ་བའི་ལས་བྱེད་མི་སྣ་རྣམས་ཀྱིས་མཚོ་སྔོན་པོ་ ཟིན་བྲིས་དྲ་བ་ཡང་དང་བསྐྱར་དུ་ལེགས་བཅོས་བྱས་པར་བརྒྱུད་རྒྱ་ཆེའི་དྲ་གྲོགས་རྣམས་དང་སླར་ཡང་མཇལ་ཐུབ་པ་བྱུང་། དུས་ཡུན་འདིའི་རིང་དུ་ཁྱེད་རྣམ་པས་ངེད་དྲ་རྒྱར་ཟིན་ཐོ་ལྟ་ཀློག་དང་གསར་སྤེལ་བྱེད་པར་བར་ཆད་བྱས་སོང་བས་བཟོད་སྒོམ་གནང་བར་མཁྱེན།

     2010ལོའི་ཟླ8པར་རེ་བའི་སྨིན་འབྲས་སུ་གྲུབ་ཀྱང་བགྲང་ཡས་སྐྱེས་མཆོག་དགའ་བའི་དཔལ་དུ་ཤར་པའི་མཚོ་སྔོན་པོ་ཟིན་བྲིས་དངོས་སུ་ཤར་གཏོང་ཐུབ་ཅིང་། དྲ་རྒྱའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་དོ་དམ་ལེགས་པོ་བྱས་པའི་ཁར། རྒྱ་ཆེ་བའི་དྲ་གྲོགས་རྣམས་ཀྱིས་ཐུགས་ཁུར་དང་རྒྱབ་སྐྱོར་མཛད་མེད་གནང་བར་བརྟེན། ཟླ་གསུམ་མ་འགོར་བར་གངས་ལྗོངས་སྐྱེས་བུ་ཚོགས་ཀྱིས་དང་བའི་ཡིད་ཀྱིས་བསྟོད་པའི་སྒྲ་དབྱངས་ཡོངས་སུ་ཁྱབ་ཅིང་སྙན་པའི་གྲགས་པ་དབྱར་རྔའི་ཟླ་བཞིན་ཕྱོགས་ཀུན་ཏུ་རྒྱས། མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་དྲ་བ་རིམ་བཞིན་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ཐོ་འགོད་བྱེད་མཁན་མི4000ལྷག་ལ་སླེབས་པ་དང་། ཉིན་རེར་སྤེལ་བའི་ཟིན་བྲིས་ཆ་སྙོམས་ཀྱིས110ལ་སླེབས་པས་རྒྱལ་ནང་གི་བོད་ཡིག་ཟིན་བྲིས་གྲངས་ཚད་ཀྱི་ཡང་རྩེར་སོན། མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་དྲ་བ་བདེ་བླག་ངང་འཕེལ་རྒྱས་བྱུང་བ་འདིས་བོད་མི་རིགས་ཀྱི་སྐད་ཡིག་ཆ་འཕྲིན་ཅན་གྱི་དུས་རབས་ཀྱི་མཐོན་མཐིངས་མཁའ་དབྱངས་སུ་མངོན་པར་འཕགས་པར་དགེ་མཚན་བསྐྲུན་པ་དང་མཉམ་དུ། བོད་ཀྱི་རིག་གནས་ཉི་མའི་གླིང་བཞི་བགྲོད་པར་སྐུལ་སྤེལ་གྱི་ནུས་པ་མངོན་སུམ་ཐོན་ཡོད་པ་ནི་བསྙོན་པར་མི་ནུས།

ཡིན་ན་ཡང་། དེང་རབས་གོ་ལ་ཟླུམ་པོའི་ཁྱོན་དུ་འགྲོ་བ་མིའི་རིགས་ཀྱི་འཚོ་བའི་གྲུབ་ཆ་གཙོ་བོ་ཞིག་གམ་ཕན་ཚུན་འབྲེལ་འདྲིས་ཀྱི་སྦྲེལ་ཐག་ཅིག་ཏུ་གྱུར་བའི་ཆ་འཕྲིན་དྲ་རྒྱ་ལ་སྐར་ཆ་རེ་རེ་དང་ཉིན་མ་རེ་རེར་གནམ་ས་བླ་འོག་བརྗེ་པ་ལྟ་བུའི་འཕོ་འགྱུར་བྱུང་དང་འབྱུང་བཞིན་ཡོད་པས། དུས་ཐོག་ཏུ་དྲ་རྒྱ་ལེགས་བཅོས་དང་འཐུས་ཚང་དུ་གཏོང་རྒྱུ་ནི་དགོས་གལ་ཤིན་ཏུ་ཆེ་ཞིང་། བྱེ་བྲག་ཏུ་རྒྱ་ཆེའི་དྲ་གྲོགས་རྣམ་པར་སྔོན་ཐོན་དང་། གློད་ཡངས། སྟབས་བདེ་བའི་དྲ་ཐོག་གི་གཞིས་ཁྱིམ་དྲོན་མོ་ཞིག་བསྐྲུན་པའི་ཆེད་དུ་སྤྱི་ཟླ་གཉིས་པའི་ཟླ་འགོ་ནས་བཟུང་མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་དྲ་ངོས་བརྒྱབ་སྟེ་ལེགས་བཅོས་བྱེད་འགོ་བརྩམས་པ་ཡིན།
       ཟླ་གཅིག་གི་རིང་དུ་ངེད་དྲ་བའི་ལས་བྱེད་མི་སྣས་ཉིན་མཚན་དབྱེར་མེད་དུ་བརྩོན་པ་ལྷུར་ལེན་བྱས་པར་བརྟེན་སྔར་ལས་ལྷག་པའི་དྲ་ངོས་གསར་པ་གསར་རྐྱང་ཞིག་ཀུན་གྱི་མཐོང་ལམ་དུ་མངོན་ཐུབ་པ་བྱུང་བ་སྟེ། ལེ་ཚན་གྱི་ཐད་ནས་སྔ་མའི་ལེ་ཚན་བཅུ་ནས་ལེ་ཚན་བཅུ་གཉིས་སུ་བཏང་བར་མ་ཟད། ལེ་ཚན་རེའི་ནང་དུ་ལེགས་བདམས་དང་། མང་གླེང་། མང་ཀློག་བཅས་སྣ་གསུམ་དུ་དགར་ཡོད། དྲ་ངོས་སུ་ཆེད་མཁས་པ་འོས་སྦྱོར་དང་། རྩོམ་པ་པོ་འོས་སྦྱོར། རྐང་འཛིན་པ་འོས་སྦྱོར། སློབ་རའི་གསར་སྐྱེས་འོས་སྦྱོར་བཅས་སྡེ་བཞི་རུ་དགར་ནས་ཤེས་ལྡན་ཚོགས་ཀྱི་སྤྱན་ཟུང་གི་བདུད་རྩི་དང་ཡིད་ཀྱི་གསོས་སྨན་དུ་འགྱུར་བའི་ལེགས་རྩོམ་མང་པོ་བཀོད་ཡོད། དྲ་ངོས་སྟེང་གི་གདམ་བྱང་ངམ་བཀོལ་སྤྱོད་ཀྱི་ལག་ཆ་སྔར་ལས་འཐུས་ཚང་དུ་གྱུར་ཞིང་། གདམ་བྱང་གི་མིང་ཡོད་ཚད་བོད་ཡིག་ཏུ་བསྒྱུར་ཡོད་པ་དང་། ཡིག་གཟུགས་ཀྱི་ཐད་ནས་རིགས་བཅུ་དགུ་འདུས་པས་དྲ་གྲོགས་རྣམས་ཀྱིས་ཅི་དགར་སྤྱོད་ཐུབ་པ་རེད། དེ་མིན་དྲ་རྒྱའི་ལྟ་ཀློག་གི་མགྱོགས་ཚད་དང་ནུས་པ་སྔར་ལས་ཇེ་མཐོར་སོང་ཡོད་དེ། ལྟ་ཀློག་ཡོལ་ངོས
IEདང་། Firefox Safari Chrome Operaསོགས་རིགས་མང་བོ་རྒྱབ་སྐྱོར་བྱེད་ཐུབ་པ་སོགས་དྲ་ངོས་དང་སྤྱོད་ནུས་གང་ཅི་ཐད་ནས་དྲ་གྲོགས་རྣམས་ཀྱི་དགོས་མཁོ་དང་བསྟུན་ནས་ལེགས་བཅོས་བྱས་ཡོད།

འདས་ཟིན་པའི་ལོ་ཟླའི་ནང་མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་དྲ་བ་རིམ་གྱིས་རྩ་བ་ཚུགས་ནས་འདབ་བརྒྱ་ལྷུག་པོར་གྲོལ་པ་ནི་ང་ཚོ་ཐུན་མོང་གི་བློ་གྲོས་ཀྱི་ཉིང་བཅུད་ཅིག་ཏུ་མངོན་ཞིང་། ང་ཚོ་ཐུན་མོང་གི་བརྩོན་པའི་འདེགས་འཇོག་ལས་ཐོན་པའི་ངལ་འབྲས་ཤིག་ཀྱང་ཡིན། དེར་བརྟེན། མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་དྲ་བའི་མ་འོངས་པའི་འཕེལ་འགྲིབ་ཀྱང་ང་ཚོ་ཚང་མར་རག་ལས་པས། རྗེས་སོར་ང་ཚོས་མུ་མཐུད་དུ་ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་གྱི་ཨ་ལོང་གཅིག་ཏུ་སྒྲིལ་ཏེ་ཐུན་མོང་གི་རིག་པའི་ལྡིང་ཁང་འདི་ཉིད་རྒུད་པ་མེད་པར་གོང་ནས་གོང་དུ་སྤེལ་བའི་རེ་འདུན་ཞུ།

 
 
མཚོ་སྔོན་པོ་ཟིན་བྲིས་དོ་དམ་པས་ཞུ་གསོལ།
[ 2011-11-28 0:03:48 | By: amdotibetblog ]
 
ཟིན་ཐོ་འདི་དོ་དམ་པས་ཞིབ་བཤེར་བྱས་རྗེས་ད་གཟོད་ལྟ་ཀློག་བྱེད་ཐུབ།
 
 
མཚོ་སྔོན་པོ་ཟིན་བྲིས་ཀྱི་གསལ་བརྡ།
[ 2011-11-14 21:08:33 | By: amdotibetblog ]
 

མཚོ་སྔོན་པོ་ཟིན་བྲིས་ཀྱི་གསལ་བརྡ།

          མཚོ་སྔོན་པོ་ཟིན་བྲིས་ཐོག་མར་བཟོ་སྐབས་བོད་ཀྱི་མཁས་དབང་དམ་པ་དང་རྩོམ་པ་པོའམ་སྙན་ངག་པ་གྲགས་ཅན། སྒྱུ་རྩལ་པ་གྲགས་ཅན། དེ་མིན་འཇོན་ཐང་ཅན་ལ་སོགས་པས་ཟིན་བྲིས་སྤེལ་བར་དམིགས་བཙུགས་ནས“ཁྱུ་མཆོག་ཟིན་བྲིས”ཞེས་པ་ཞིག་དང་། དུས་རྒྱུན་དུ་ཟམ་མ་ཆད་པར་ཟིན་བྲིས་སྤེལ་བའི་མི་བུ་ཤ་ཐང་ཅན་དག་ལ་དམིགས་བཙུགས་ནས“རྐང་འཛིན་ཟིན་བྲིས”ཞེས་རིགས་གཉིས་སུ་དབྱེ་བ་ཡིན་མོད། “ཁྱུ་མཆོག་ཟིན་བྲིས”ཀྱི་ཁྲོད་དུ་མིག་སྔའི་བར་དུ་འོས་ཤིང་འཚམས་པའི་མི་སྣ་ཞིག་མ་འབྱོར་བས། དེའི་བར་སྟོང་མི་ལུས་པའི་ཆེད་དུ་ཅུང་གཟེངས་ཐོན་གྱི་ཟིན་བདག་འགའ་ཤས་བཞག་པ་ཡིན། ཡིན་ཡང་དྲ་གྲོགས་མང་པོ་ཞིག་གིས་འདིའི་ཕྱོགས་ལ་ལྟ་ཚུལ་མི་འདྲ་བ་བསྟན་པ་མ་ཟད། “སྒེར་གཅོད”དང“ཕྱོགས་རིས་ཅན”ལ་སོགས་པའི་བསྙོན་ཀྱང་བཏགས་མྱོང་།

དེར་བརྟེན། ཉེ་ལམ་དྲ་གྲོགས་ལྷན་རྒྱས་ཀྱི་གསེར་ལས་ལྷག་པའི་བསམ་འཆར་དང་རེ་ཞུ་ལྟར་དུ“ཁྱུ་མཆོག་ཟིན་བྲིས”དང“རྐང་འཛིན་ཟིན་བྲིས”ཐད་ལ་འགྱུར་བ་ཅུང་ཙམ་བཏང་ཡོད་དེ། “ཁྱུ་མཆོག་ཟིན་བྲིས”རྩ་བ་ནས་དོར་ཏེ“རྐང་འཛིན་པའི་སྡེ”དང“ཤ་ཡུ་མོའི་སྡེ”གཉིས་སུ་བསྒྱུར་ཞིང་། “རྐང་འཛིན་པའི་སྡེ”ཁྲོད་དུ་ཟིན་བྲིས་དྲུག་ཅུ་ཡན་སྤེལ་ཡོད་པ་ཚང་མ་བཞག་ཡོད་པ་དང་། མདུན་ངོས་སུ་དབུ་རིས་གུང་བསྒྲིགས་སྟངས་ནི་ཟིན་བྲིས་ཀྱི་རྡེག་ཚད(བཀླགས་གྲངས)ལྟར་རང་འགུལ་གྱིས་ཕྲེང་བསྟར་བསྒྲིགས་པ་ལས་དོ་དམ་པས་ཚོད་འཛིན་ཅི་ཡང་བྱེད་ཀྱི་མེད། “ཤ་ཡུ་མོའི་སྡེ” (ཡང་ན“མཛེས་མའི་སྡེ”)ཁྲོད་དུ་སྐྱེས་མ་ཁོ་ན་བཞག་ཡོད། དེ་ཡང་བག་ཡོད། ཞི་དུལ། གཉོམ་ཆུང་གི་བོད་པའི་བུ་མོ་རྣམས་ལ་གཞེན་སྐུལ་དང་ཡང་ན་རེ་བཞག་ཅིག་གི་ཆེད་དུ་ལོགས་སུ་བཀར་བ་ཡིན།

ཆེད་ཞུ། མདུན་ངོས་སུ་འཆར་ཡོད་པའི་ཟིན་བདག་གཙོ་བྱས“ལྷག་ཏུ་མང”ཁྲོད་ཀྱི་ཟིན་བདག་ཚང་མས་དབུ་རིས་ལ་རང་གི་པར་རིས་དངོས་མ་རེ་སྦྱོར་རྒྱུ་དང་། དབུ་རིས་འོག་གི་རུས་མིང་དུ་ཟིན་བྲིས་ཀྱི་མིང་མི་འབྲི་བར་རང་གི་དངོས་མིང་ངམ་པུར་མིང་འབྲི་རྒྱུ་ནི་ང་ཚོའི་རེ་བ་ཉག་གཅིག་གོ ། ཟླ་འདིའི་ཟླ་མཇུག་བར་དུ་དབུ་རིས་དངོས་མ་མ་སྦྱར་ཚེ་མང་པོའི་ཁྲོད་ནས་ཕྱིར་འཐེན་བྱེད་རྒྱུ་ཡིན།

ཟུར་ཞུ། མཚོ་སྔོན་པོ་ཟིན་བྲིས་ནི་ཧི་མ་ལ་ཡའི་ཡིག་གཟུགས་ལ་འཕྲོད་པར་བཟོས་ཡོད་ཕྱིར། པཎྚི་ཏའི་ཡིག་གཟུགས་མི་བཀོལ་བར་འཚལ།

                                                ཞེས་མཚོ་སྔོན་པོ་དྲ་རྒྱའི་ཆ་འཕྲིན་ལྟེ་གནས་ཀྱིས།

                                                           ༢༠༡༡ལོའི་ཟླ༡༡པའི་ཚེས༡༡ཉིན།

རྩོམ་ཡོངས་ཀློག་པ།(272) | ལན་སློག(14)
 
RE:མཚོ་སྔོན་པོ་ཟིན་བྲིས་ཀྱི་གསལ་བརྡ།
[ 2011-11-14 12:44:44 | By: woaini ]
གོ་ཡོད།
RE:མཚོ་སྔོན་པོ་ཟིན་བྲིས་ཀྱི་གསལ་བརྡ།
[ 2011-11-12 20:02:45 | By: nanzha ]
རྐང་འཛིན་པའི་སྡེ”ཁྲོད་དུ་ཟིན་བྲིས་དྲུག་ཅུ་ཡན་སྤེལ་ཡོད་པ་ཚང་མ་བཞག་ཡོད་ནང་ལ་ཟིན་བྲིས་དྲུག་ཅུ་རེ་དགུ་ཡོད་ཀི།ཨ་ལ་ ང ་གནོང་བ་ཞིག་རེད
RE:མཚོ་སྔོན་པོ་ཟིན་བྲིས་ཀྱི་གསལ་བརྡ།
[ 2011-11-12 19:07:19 | By: zncg ]
ང་ཡང་རྐང་ཟིན་ཟིན་བྲིས་པ་ཞིག་བྱ་ཐུབ་པའི་སེམས་ཤུགས་ཡོད། ང་རང་གི་རྩོམ་ཡིག་འབྲི་རྩལ་སོགས་ཧ་ལས་དགོས་པ་མེད་མོད་ངས་འབད་པ་ལྷོད་མེད་བྱ་ངེས་ཡིན། ཧེ་ཧེ་་་་་་་། ཁྱེད་འདི་ལྟ་བུའི་གར་སྟེགས་ཞིག་བསྐྲུན་པར་བཀའ་དྲིན་ཆེ་ཞེས་ཞུ།།
RE:མཚོ་སྔོན་པོ་ཟིན་བྲིས་ཀྱི་གསལ་བརྡ།
[ 2011-11-12 13:36:35 | By: dongwu789 ]
བུད་མེད་དག་ལ་དམིགས་བསལ་ཞིག་བྱིན་ཡོད་པར་འཐད་པ་རེད། ད་དུང་མུ་མཐུད་དུ་ཟིན་བྲིས་ཀྱི་རིགས་དབྱེ་ཇེ་མང་དུ་གཏོང་བ་དང་།རིགས་དབྱེ་རེ་རེའི་ཐད་ལ་འབྲེལ་བ་དང་ཕན་ཡོན་ཆེན་པོ་ཡོད་པའི་མི་སྣ་དག་གདན་འདྲེན་བྱེད་རྒྱུར་རེ་བ་ཡོད།
RE:མཚོ་སྔོན་པོ་ཟིན་བྲིས་ཀྱི་གསལ་བརྡ།
[ 2011-11-12 8:43:27 | By: lhangtsangba ]
ཁྱེད་ཅག་གི་བྱ་ལས་མཐའ་དག་ལེགས་འགྲུབ་ཡོང་བར་སྨོན།
RE:མཚོ་སྔོན་པོ་ཟིན་བྲིས་ཀྱི་གསལ་བརྡ།
[ 2011-11-11 21:49:25 | By: drikungtseten ]
དེ་དེ་བཞིན་དུ་ལེགས་གྲུབ་ཡོང་བར་ཤོག
RE:མཚོ་སྔོན་པོ་ཟིན་བྲིས་ཀྱི་གསལ་བརྡ།
[ 2011-11-11 19:30:26 | By: irony ]
ལགས་སོ།། གོ་སོང་། ༼ཤ་ཡུ་མོའི་སྡེ་༽ཅུང་ཟད་གཉོམ་དྲགས་པའི་མིང་ཞིག་ཏུ་སོང་ཡོད་པ་འདྲ་མོད། གང་ལྟར་འུ་ཅག་གི་དཀའ་ངལ་ལ་དོན་འབྲས་རེ་སྨིན་ཕྱིར་རང་ནུས་རྩལ་སྤྲུགས་ཀྱིས་དང་ལེན་བྱེད་ལགས།
RE:མཚོ་སྔོན་པོ་ཟིན་བྲིས་ཀྱི་གསལ་བརྡ།
[ 2011-11-11 16:25:03 | By: yogurt ]
ཁ་དྲོ་བཀྲ་ཤིས།བརྒྱ་བྱིན་ནས།
RE:མཚོ་སྔོན་པོ་ཟིན་བྲིས་ཀྱི་གསལ་བརྡ།
[ 2011-11-11 16:01:25 | By: tibetmonk ]
དོ་དམ་པའི་གནང་ཕྱོགས་ལ་བརྩི་བཀུར་ཞུ་བཞིན་ཡོད།
RE:མཚོ་སྔོན་པོ་ཟིན་བྲིས་ཀྱི་གསལ་བརྡ།
[ 2011-11-11 15:55:07 | By: thupnor610 ]
ལགས་སོ། དེ་དེ་བཞིན་ནོ་ཞུ་བ་ལས་གཞན་ཅང་མེད།
 
 
འབྲེལ་ཡོད་ནང་དོན་ 28 ཡོད།<<<12>>>
བཟོ་མཁན། ལྡོང་བླ།
Powered by Oblog.