མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
སྒྲོན་མེ། 分享按钮
འབའ་སྲས་མོའི་བྲོ་གར།
 
སེམས་ཁམས་ལོ་ཐོ།
ཟིན་བདག་བརྡ་ཁྱབ།

ངའི་མིག་ལམ་ན་ཕོ་མཆོག་མོ་དམན

ཞེས་པའི་འགྲེལ་བཤད་ཚ་ལྷེ་བོ་དེ་མེད་ལ།

མོ་མཆོག་ཕོ་དམན་ཞེས་པའི་འཇོག་སྟངས་

བདེ་བོ་དེ་ཡང་མེད་དོ།

 

 

ཆེད་དོན་རིགས་དབྱེ།
ཟིན་བྲིས་གསར་བ།
དཔྱད་བརྗོད་གསར་བ།
སྐད་གསར་བཞག
འཚོལ་བཤེར།
མཛའ་འབྲེལ།
ཆ་འཕྲིན།
 
 
མ་གཅིག་རྗེ་བཙུན་སྒྲོལ་མ།
[ 2013-2-8 16:03:26 | By: TONGDE ]
 

                      

                               མ་གཅིག་རྗེ་བཙུན་སྒྲོལ་མ།

 

སྲིད་ཁམས་སྲིན་མོའི་ཞིང་ཁམས་ཉིད་དུ་གཟིགས།།

འགྲོ་དྲུག་འགྲན་མེད་ཐུགས་བརྩེ་ཆེན་པོས་བསྐྱབས། །

འཇིགས་པའི་གཡང་ལས་སྐྱོབ་མཛད་མ་དེ་ནི། །

མ་གཅིག་འཕགས་མ་སྒྲོལ་མ་ཉིད་ཡིན་ནོ། །

 

སྐུ་ཡིས་མཐོང་གྲོལ་ལམ་གྱི་འགྲོ་དོན་སྐྱོང་། །

གསུང་གིས་སྨིན་གྲོལ་ལམ་གྱི་བདེ་བ་སྩོལ། །

ཐུགས་ཀྱིས་མ་ལུས་འགྲོ་ཀུན་བུ་ལྟར་བརྩེ། །

མ་གཅིག་རྗེ་བཙུན་སྒྲོལ་མ་རྒྱལ་བའི་ཡུམ། །

 

ཉམ་ངའི་གཡང་སར་ལྷུང་བའི་ཉམ་ཐག་འགྲོར། །

གཞལ་མེད་ཐུགས་རྗེ་ཆེན་པོས་ཉེར་དགོངས་ཏེ། །

ཕན་དང་བདེ་བའི་ལམ་ལ་དགོད་མཛད་པའི། །

མ་མ་དེ་ནི་རྗེ་བཙུན་སྒྲོལ་མའོ། །

 

དགེ་སྡིག་བླང་དོར་ལ་རྨོངས་མུན་པའི་མིར། །

སྣང་གསལ་ཆོས་ཀྱི་སྒྲོན་མེ་སྦར་མཛད་པའི། །

མ་ལུས་འགྲོ་བའི་མ་གཅིག་རྗེ་བཙུན་མས། །

མ་ལུས་སེམས་ཅན་བདེ་བར་དགོད་པར་ཤོག །

 

 
 
ནད་ཨེ་ཛིར་གཟབ་དགོས།
[ 2013-2-8 15:06:41 | By: TONGDE ]
 
                                            

       

 སྤྱི་ལོ་༢༠༡༣ ཟླ་༡ཚེས་༢་ཉིན་ང་ཚོས་སེམས་ཁུར་སེམས་སུ་ཉར་ཏེ་གདོང་ལ་སྤོབས་པ་བཟུང་ནས་ཨེ་ཛིའི་འགོགས་བསྲུང་གི་ཕྱོགས་ནས་འབྲོག་སྡེ་དག་ལ་རང་ནུས་ཅི་ལྕོག་གིས་གོ་བརྡ་རེ་སྤྲད་རྒྱུའི་

ཆེད་དུ་འབྲོག་སྡེ་ཁག་ལ་བགྲོད་རྒྱུའི་ལས་རིམ་གྱི་དབུ་བཟུང་བ་ཡིན། 

རྒྱ་ཆེ་བའི་འབྲོག་པ་མང་ཚོགས་དག་གིས་རྒྱབ་སྐྱོར་དང་ཐུགས་ཁུར་ཡོད་པར་ཞུ་ཞུ། 

 
 
ཉམ་ཆུང་བུ་མོ་ང་ཡི་སེམས་བརྙན།
[ 2012-4-28 20:10:20 | By: TONGDE ]
 

                    

 

ཉམ་ཆུང་བུ་མོ་ང་ཡི་སེམས་བརྙན།

བུད་མེད་ཀྱི་བདེ་ཐང་སྐོར་ནས་གླེང་ན་བདེ་ཐང་ནི་ཕྱི་ལུས་ཀྱི་བདེ་ཐང་ཙམ་མ་ཡིན་པར་ནང་སེམས་ཀྱི་བདེ་ཐང་ལ་རག་ལས་ཡོད། བུད་མེད་ཅིག་ལ་མཚོན་ནས་བཤད་ན་ནམ་རྒྱུན་ནན་ཏན་གྱིས་རང་ཉིད་ལ་བདེ་བསྲུང་བྱེད་རྒྱུ་དེ་ཧ་ཅང་གལ་ཆེ་ལ་བཟའ་མི་གང་བོའི་བདེ་བསྲུང་ལའང་འགན་ལེན་དགོས། ཁ་དཔེ་ཡང་སེམས་བདེ་ན་ལུས་བདེ་ཟེར་བ་ལྟར་ང་ཚོར་སྤྲོ་སྐྱིད་ཀྱི་སེམས་ཁམས་ཤིག་དང་བདེ་ཐང་གི་ལུས་པོ་ཞིག་ཡོད་ན་ད་གཟོད་འཚོ་བར་དོན་སྙིང་ལྡན་པ་དང་མགོ་མཇུག་ཡོད་པ་བྱས་ཆོག

དེའི་ཕྱིར་བདག་གིས་ཀྱང་ཁོམ་མེད་ཀྱི་དུས་ཚོད་ཁྲོད་ནས་རང་ཉིད་བུད་མེད་ཅིག་ཡིན་པ་དང་དེའི་ནང་ནས་ཀྱང་བོད་ཀྱི་གསོ་རིག་གི་ཕྱོགས་ལ་སྦྱང་བ་ཅུང་ཙམ་རེ་ཡོད་པའི་ཐོག་ནས་རང་ཉིད་ཀྱིས་འཁྱོངས་ཚོད་དང་ནུས་ཚོད་ཀྱི་སྒོ་ནས་རང་དང་ཁ་ཐག་ཉེ་བའི་གྲོང་སྡེ་སྐོར་ཞིག་གི་ཉམ་ཆུང་བུད་མེད་ཚོར་ལུས་པོ་བདེ་ཐང་དང་གཙང་སྦྲ་འཕྲོད་བསྟེན་གྱི་སྐོར་ནས་གསལ་བཤད་ཐུང་ཐུང་རེ་བརྒྱབས་པའམ་ཡང་ན་གོ་བརྡ་ཉུང་ཉུང་རེ་སྤྲད་པ་ཡིན།

སྤྱིར་ཡིན་ན་རང་ཉིད་ཀྱིས་འཚོལ་བཞིན་པའི་ལམ་བུ་དང་སྙེག་བཞིན་པའི་མདུན་ལམ་ཁྲོད་ནས་རོང་འབྲོག་

ས་གནས་ཁ་ཤས་སུ་བུད་མེད་ཀྱི་འཕྲོད་བསྟེན་ཞན་པ་སོགས་ཀྱིས་བསྐྱེད་པའི་འགོས་ནད་མང་པོ་ཡོང་གིན་ཡོད་པ་དག་ལ་དམིགས་ནས་བུད་མེད་བདེ་ཐང་མཛུབ་སྟོན་སྐོར་ནས་ཚོགས་པ་ཆུང་ཆུང་ཞིག་བསྒྲུབ་པའི་འཆར་གཞི་སྔར་ནས་སེམས་སུ་ཉལ་ཡོད་ན་ཡང་།   ཁོར་ཡུག་གི་སྟོང་ཆ་དང་རྒྱབས་ཁེན་གྱི་རྨང་གཞི་ཞན་པའི་སྟོབས་ཀྱིས་བྱ་བ་ཞིག་བསྒྲུབ་བསམ་ཡང་རོགས་སྐྱོར་དང་རྒྱབས་དཔུང་ཞན་སྟབས་ས་གནས་མང་ཚོགས་དང་ཁ་ཐག་ཉེ་བའི་བྱ་བ་མང་པོ་ཞིག་བསྒྲུབ་ཐུབ་མ་སོང་།  ཡིན་ན་ཡང་རང་ཉིད་སྒྱིད་ལུག་དང་བག་འཁུམ་གྱི་གཡང་ལ་མ་སྐྲག་པར་རང་གི་ཉེ་འཁོར་གྱི་གྲོང་སྡེ་ཁ་ཤས་ཀྱི་བུད་མེད་སྐོར་ཞིག་ལ་འཕྲོད་བསྟེན་སྐོར་ནས་མཛུབ་སྟོན་རེ་གནང་བ་གཤམ་གསལ་ལྟར།

             

 

             ངའི་དམིགས་ཡུལ་ཉག་གཅིག

དེང་སང་ཐམས་ཅད་ཀྱིས་མི་རིགས་འདྲ་མཉམ་དང་། སྐད་རིགས་འདྲ་མཉམ། ཕོ་མོ་འདྲ་མཉམ་ཞེས་བཤད་ཀྱང་ཕྱོགས་གང་ཐད་ནས་བོད་རིགས་བུད་མེད་ཡིག་རྨོངས་བ་དེ་ཚོ་ནུས་མེད་ཤུགས་ཞན་ཡིན་པ་མིག་མཐོང་ལག་ཟིན་དང་བདེན་དོན་དངོས་མཇལ་ཡིན་པ་སུས་ཀྱང་ཤེས་ཚོད་རེད། དེ་ལ་དམིགས་ནས་ད་སྐབས་དམངས་ཁྲོད་ཀྱི་འཚོ་བའི་ཆ་རྐྱེན་ཁྲོད་དུ་ཆེས་ཉེན་ཁ་ཅན་གྱི་མོ་ནད་དང་འགོས་ནད་སྣ་མང་འོག་ནས་དོན་རྐྱེན་ཡ་ང་བ་འབྱུང་དང་འབྱུང་བཞིན་ཡོད།

མ་ཟད་དོན་རྐྱེན་དེའི་འགགས་སྒོ་ནས་ཐར་མ་ཐུབ་པར་རྣམ་ཤེས་བེམ་པོ་དང་བྲལ་ནས་འགལ་རྐྱེན་གནམ་ལྕགས་ལྟ་བུ།

ཡངས་བའི་རྩྭ་ཐང་དང་།  མཐོ་བའི་རི་རྒྱུད། འཁྱགས་པའི་གངས་འདབས་དང་། དམའ་བའི་མཚོ་ཁུག་བརྒྱུད་ནས་ཁྱིམ་དྲོན་མོ་ཞིག་གི་ཕང་བར་ལྷུང་སྟེ་འཇིག་རྟེན་བླ་འོག་བརྗེ་པའི་འཇིགས་སྣང་དང་སྐྱོ་སྣང་གིས་མནར་གཅོད་བྱས་པ་དེ་ནི་ང་ཚོ་བུད་མེད་ཚོའི་ལས་སྟེང་དུ་ཕོགས་པའི་ཐར་དཀའ་བའི་དུག་མདའ་དང་འདྲ་བའི་མོ་ནད་སྣ་ཚོགས་དེ་རེད།

ང་ཚོའི་རོང་འབྲོག་གི་ཡུལ་མི་རྣམས་ཀྱིས་འདི་ནི་ལས་དབང་གི་བགོས་སྐད་ཅིག་ཡིན་པར་སེམས་ནས་ངུ་ངག་གི་འོ་དོད་འདོན་པ་ཙམ་ལས་བྱ་ཐབས་ཅི་ཡང་མེད་པའི་ལྟ་ཚུལ་ལྕགས་སྒྲོག་ལྟ་བུ་དེ་རང་སར་གྲོལ་ཆེད།

གཡུ་ཐོག་ཡོན་ཏན་མགོན་པོའི་ཐུགས་རྒྱུད་ཀྱི་སྙིང་རྗེ་རང་རྒྱུད་དུ་ཅུང་ཙམ་འཕོས་པའི་སྨན་ཕྲུག་ཆུང་ཆུང་གངས་རྒྱན་ཟེའུ་འབྲུ་ཙམ་ང་ཡིས།   ལུས་ངག་ཡིད་གསུམ་བྱམས་བརྩེའི་གནས་སུ་ཉར་ཏེ་ང་ཚོ་བུད་མེད་ཀྱི་ལུས་པོ་བདེ་ཐང་གི་ཆེད་དུ་རི་ཆུ་ལུང་གསུམ་བརྒལ་ཏེ་ཁྱིམ་ཚང་རེ་རེར་མྱུལ་ནས་འཚོ་བའི་འཕྲོད་བསྟེན་དང་། འགོས་ནས་སྔོན་འགོགས།   མོ་ནད་སློང་རྐྱེན་ཕྱོགས་ལ་ཅི་ལྟར་གཟབ་གཟབ་བྱེད་དགོས་པའི་བསླབ་བྱ་བཏང་དེ། ཉམ་ཆུང་བུད་མེད་ཚོ་བདེ་སྐྱིད་ཀྱི་ལམ་དུ་འཁྲིད་འདོད་པའི་སེམས་ཀྱི་ས་བོན་རྡོག་པོ་དེ་རང་གི་རེ་བའི་ཞིང་ས་སྟེ་ཉམ་ཆུང་བུད་མེད་ཚོའི་ལུས་སྟེང་དུ་གཏོར་འདོད་ཀྱི་འདུན་པ་འགོག་ཐབས་མེད་པ་འདི་ལ་ཁྱེད་རྒྱ་ཆེ་བའི་མང་ཚོགས་རྣམས་པ་དང་ཡུལ་མི་རྣམས་ཀྱིས་རྒྱབས་སྐྱོར་དང་ཐུགས་ཁུར་རེ་གནང་རྒྱུ་ཉམ་ཆུང་བུ་མོ་ངའི་རེ་བ་ཉག་གཅིག་ཡིན།

                                           འཕགས་མོ་སྒྲོལ་མས།

                                               2009   3  17

                                          

 

 
 
ལོ་གསར།
[ 2012-1-8 15:05:50 | By: TONGDE ]
 

   ལོ་གསར།

ལོ་གསར་ཚེས་གཅིག་ལ།

ལོ་གསར་ཚེས་གཉིས་ལ །

ལོ་གསར་ཚེས་གསུམ་ལ།

དགའ་དགའ་སྤྲོ་སྤྲོ།   སྐྱིད་སྐྱིད་བདེ་བདེ།

གླུ་ཞིག་ལེན།  བྲོ་ཞིག་འཁྲབས།

བོད་ལ་བདེ་སྐྱིད་ལྡན་པར་ཤོག   ཕ་ངོ་མ་ངོ་འཕྲད་པར་ཤོག

 

 

ལོ་གསར་ཚེས་གཅིག་ལ།

ལོ་གསར་ཚེས་གཉིས་ལ །

ལོ་གསར་ཚེས་གསུམ་ལ།

དགའ་དགའ་སྤྲོ་སྤྲོ།   སྐྱིད་སྐྱིད་བདེ་བདེ།

གླུ་ཞིག་ལེན།  བྲོ་ཞིག་འཁྲབས།

ཁྲག་གི་ངོ་གདོང་བཀྲུ་བར་ཤོག  སྡུག་གི་ན་བུན་སེལ་བར་ཤོག

 

 

ལོ་གསར་ཚེས་གཅིག་ལ།

ལོ་གསར་ཚེས་གཉིས་ལ །

ལོ་གསར་ཚེས་གསུམ་ལ།

དགའ་དགའ་སྤྲོ་སྤྲོ།   སྐྱིད་སྐྱིད་བདེ་བདེ།

གླུ་ཞིག་ལེན།  བྲོ་ཞིག་འཁྲབས།

བླ་སློབ་གྱེས་བྲལ་འཛོམས་པར་ཤོག   རེ་བཞག་མེ་ཏོག་འཁྲུངས་བར་ཤོག

 
 
ཅི་ལ་མིན།
[ 2012-1-5 11:39:39 | By: TONGDE ]
 

ཅི་ལ་མིན།

 

ཤིང་སྟོང་སྐམ་པོའི་འཁྲིས་ཀྱི། །

ཁབ་མིག་དོག་མོའི་ནང་གི །

རིགས་ཞེན་དུང་ཞེན་ཞེས་པ། །

ཝུ་བ་རྐྱང་རྐྱང་ཡིན་འདུག །

 

སྨན་ཆུང་བུད་མེད་ཟེར་ས། །

གནམ་གྱི་ཕྱེད་ཀ་ཟེར་ས། །

ཁྱིམ་གྱི་གཡང་སྲུང་ཟེར་ས། །

དངོས་ལ་དེ་འདྲ་ཡིན་འདུག །

 

སྤྲིན་པ་ཡར་ཐོག་གན་ཀིས །

དེ་འདྲ་མ་རེད་གསུངས་བྱུང་། །

རླུང་བུ་ཕར་འགྲོ་དེ་ཡིས། །

སྟོང་བཤད་མ་རྒྱགས་ཟེར་ཀི །

 

ཡིན་པའི་གདེངས་ཤིག་ཡོད་སོང་། །

མིན་པའི་ལན་ཞིག་ཐེབས་སོང་། །

ཅི་དགོས་ཉིང་དགོས་ཟེར་ན། །

གནམ་གྱི་ངོས་ལ་ལྟོས་ཤོག །

 

 
 
སེམས་གཞས།
[ 2012-1-2 15:40:27 | By: TONGDE ]
 

      སེམས་གཞས།

འཐོར་ཤིག་ཤིག་གི་སྒྲ་ཞིག་གྲགས་བྱུང་། །

སྐད་འདར་འདུར་གྱི་བརྡ་ཞིག་བསྟན་བྱུང། །

གཞོན་ལང་ཚོ་ལ་རེ་བའི་བུ་མོས། །

སྐད་གཉོམ་ལྷང་ངེར་རྒྱང་འབོད་བྱས་སོང་། །

 

སྐྱབས་དཀོན་མཆོག་གི་ཐུགས་རྗེའི་འོད་ཞགས། །

དཔའ་ཆོས་སྐྱོང་གི་སྡོང་གྲོགས་འཕྲོ་མར། །

གྲོགས་སེམས་འདྲེས་ཀྱི་ནང་གཏམ་སྙན་མོ། །

རི་ཁ་བ་ཡི་ལྗོངས་ན་ལུས་ཡོད། །

 

སྙིང་དམར་པོ་ཡི་ལྡིང་སྐོར་རྒྱགས་ས། །

གློ་མཆིན་པ་ཡིས་འཕག་འཚག་བྱེད་ས། །

སེམས་དགའ་དུང་གི་རི་མོ་མཛེས་ས། །

གངས་དཀར་པོ་ཡི་གནས་མཆོག་མིན་ནམ། །

 

 
 
སྐྱིད་གླུ་ཞིག་ལེན་འདོད།
[ 2011-12-28 12:00:18 | By: TONGDE ]
 

     སྐྱིད་གླུ་ཞིག་ལེན་འདོད།

             འབའ་སྲས་མོ།

སྐྱིད་ཀྱི་སྣང་བ་མཐོན་པོ་ཆུ་མོ་ལ་བསྐུར་ཡོད། །

སྡུག་གི་ན་བུན་མཐུག་པོ་རླུང་དམར་ལ་བྱིན་ཡོད། །

འཆར་ཡན་ཟས་སུ་བཟའ་བའི་སྨན་ཆུང་གི་བུ་མོ། །

འཇིག་རྟེན་སྲིད་པ་འདི་ཡི་རྨི་ཐག་ནི་ཡིན་འདོད། །

 

བྲན་གྱི་འདུ་ཤེས་བཙན་པོ་དོང་ནང་དུ་བཅུག་ཡོད། །

རིགས་ཀྱི་དུང་བ་ཟབ་མོ་གདོང་ངོས་སུ་ཤར་ཡོད། །

བདེན་པའི་གད་རྒྱངས་སྒྲོག་སའི་གླེང་སྟེགས་ཀྱི་སྟེང་ན། །

སྨན་ཆུང་བུ་མོའི་རིགས་ཀྱི་མགོ་བོ་ནི་མཐོ་ཡོད། །

 

 
 
མཚོ་སྔོན་པོ། ཁྲི་ལོར་ཤོག
[ 2010-12-3 18:40:00 | By: tongde ]
 

མཚོ་སྔོན་པོ།    ཁྲི་ལོར་ཤོག

ལོ་རྒྱུས་ཀྱི་བང་རིམ་ཁྲོད།      མཚོ་སྔོན་པོ།

རྟག་བརྟན་གྱི་མཚན་སྙན་ཁུར་བའི་གངས་ཅན་པའི་བླ་མཚོ།

མཛེས་སྡུག་གི་ལྭ་བ་མནབས་པའི་ཡིད་འོང་གི་སྲས་མོ།

མཚོ་སྔོན་པོ།        ཁྲི་ལོར་ཤོག

 

གཞན་ཡིད་ཀྱི་གསང་ཟྭ་འབྱེད་མཁན།        མཚོ་སྔོན་པོ།

དེ་རིང་བུ་མོ་ངས་ཁྱེད་ཀྱི་འདས་མ་ད་གསུམ་གྱི་དགེ་མཚན་ལ་ཕྱིར་མིག་རེ།

ཁྱེད་ཀྱི་གཟི་བྱིན་གྱི་བཀྲགས་མདངས་ལ་སྨོན་སེམས་རེ།

ཡིད་ཆེས་དང་དགའ་འབོད་ཀྱིས།          མཚོ་སྔོན་པོ།

 མཚོ་སྔོན་པོ།             ཁྲི་ལོར་ཤོག

 

ལོ་ཟླའི་རེས་འཁོར་གྱི་དུས་ཚོད་ཁྲོད་ནས།

བོད་མིའི་ཚོའི་རེ་སྟོས་ཀྱི་མིག་ཟུང་བགྲད་ས།

གཏན་བདེའི་ཞིང་མཆོག་དང་དབྱེར་མེད་ཀྱི་ཞིང་ཁམས།

ང་ཡི་མིག་མདུན་ན་གཟི་བྱིན་གྱིས་འཁྱིལ་བའི་མཚོ་སྔོན་པོ།

མཚོ་སྔོན་པོ།             ཁྲི་ལོར་ཤོག

 

 
 
སྲིན་མོ་བུད་མེད་རོགས། འོས་སྦྱོར།
[ 2010-12-2 3:43:00 | By: tongde ]
 
སྲིན་མོ་བུད་མེད་རོགས་སྐྱོར་ཚོགས་པས་གཞི་རིམ་ནས་བྱེད་སྒོ་ཐེངས་གསུམ་པ་སྤེལ་བ།
   དཔལ་མོ།
                 འབའ་སྲས་མོ་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་ཚིགས་ལས་བཤུས།    
      
      
      
      
      
      
     ཟླ་འདིའི་ཚེས20(གཟའ་སྤེན་པ)ཉིན་ངེད་ཚོགས་པས་ངལ་གསོའི་ཆུ་ཚོད་བེད་སྤྱད་དེ་ཀན་སུའུ་ཞིང་ཆེན་འབོ་ར་ཡུལ་ཚོ་ནས་མང་ཚོགས་ལ་ཨེ་ཙི་སོགས་ཉེན་ཁ་ཆེ་བའི་མཚན་མའི་འགོས་ནད་སྣ་ཚོགས་ཀྱི་འབྱུང་རྐྱེན་  དང་འགོས་ནད་དེ་རིགས་སྔོན་འགོག་བྱེད་ཐབས་ཐད་ཀྱི་ཤེས་བྱ་ཁྱབ་སྒྲོག་བྱས་པ་དང༌། བྱེ་བྲག་བུད་མེད་རྣམས་ལ་བྱུང་བའི་མོ་ནད་སྣ་ཚོགས་བརྟག་སྟེ་གང་ལ་གང་མཁོའི་སྨན་བཅོས་བྱས་ཤིང༌། འཕྲོད་བསྟེན་རྒྱུན་ཤེས་སོགས་བསྒྲགས་པ་མ་ཟད། སྡོམ་པས་རིན་གོང་དམངས་སྒོར2800ལྷག་གི་སྨན་སྣ་ཚོགས་དང་ནང་གོས་དོར་ཐུང༌། ལག་ ཕྱིས་སོགས་འཕྲོད་བསྟེན་ཡོ་བྱད་བྱིན། ཐེངས་འདིར་བྱིན་པའི་སྨན་རིགས་སྣ་ཚོགས་ནི་པེ་ཅིང་དང་ཆིང་ཧོང་ཏོ་སོགས་གྲོང་ཁྱེར་གྱི་བུད་མེད་ལྷག་བསམ་ཅན་ཚོས་བསྐུར་ཡོང་བ་དང་འཕྲོད་བསྟེན་ཡོ་བྱད་གཞན་དག་ངེད་ཚོགས་པས་བསྒྲུབས་པ་ཡིན།
        ཐེངས་འདིའི་བྱེད་སྒོར་ཡུལ་ཚོ་དེའི་སྡེ་བ་བརྒྱད་ཀྱི་མང་ཚོགས་ཐོན་པའི་ནང་བུད་མེད76 དང་སྐྱེས་ཕོ 30 ལྷག་སྟེ་སྡོམ་པས་མི་བརྒྱ་ལྷག་འདུས་པ་མ་ཟད། རྒྱ་དང་ཁ་ཆེ་སོགས་མི་རིགས་གཞན་པའང་ཡོད། བྱེད་སྒོ་བརྒྱུད་ནས་ང་ཚོས་ས་དེའི་བུད་མེད་རྣམས་ཀྱི་འཚོ་གནས་དང་ལྷག་པར་ཚད་མི་འདྲ་བའི་མོ་ནད་བྱུང་དང་འབྱུང་བཞིན་ཡོད་པའི་གནས་ཚུལ་ལ་སྔར་ལས་རྒྱུས་ཞིབ་མོ་ལེན་ཐུབ་པ་བྱུང་རྐྱེན། ཇི་འདྲའི་དཀའ་ཚེགས་ཆེ་ན་ཡང་ཁ་ཚ་དགོས་གཏུག་ཏུ་གྱུར་པའི་ལས་དོན་འདི་འདྲ་མུ་མཐུད་དུ་བསྒྲུབ་དགོས་པའི་ངེས་ཤེས་རྙེད་པ་རེད། 
       ཐེངས་འདིའི་བྱེད་སྒོའི་ཐད་ལ་ཀན་ལྷོ་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་དང་འབོ་ར་སྲིད་གཞུང་གི་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད།
         འདྲ་པར་གསལ་བཤད།
        འདྲ་པར༡དང་༢ནི་འཕྲོད་བསྟེན་རྒྱུན་ཤེས་སྒྲོག་པའི་སྒང་ཡིན།
        འདྲ་པར༣དང་། ༤ ༥ ༦བཅས་ནི་སྨན་དང་འཕྲོད་བསྟེན་ཡོ་བྱད་སྦྱིན་པའི་སྒང་ཡིན།
 
 
གངས་ལྗོངས་ཡུལ།
[ 2010-12-1 18:52:00 | By: TONGDE ]
 

   གངས་ལྗོངས་ཡུལ།

གངས་ལྗོངས་ལུང་བའི་ཡུལ་གྲུ་ཀུན་དུ། །

བདེ་སྐྱིད་དགའ་བདེའི་དཔལ་ལ་རོལ་བ། །

སྨོན་འདུན་དར་དཀར་འཕྱར་ས་ཡིན་པས། །

འབའ་ཡུལ་སྲས་མོས་དགའ་བས་གཏམས་ཡོད། །

མཛེས་སྡུག་ཡིད་འོང་རབ་དགའི་ཁྱིམ་ན། །

མཐུན་སེམས་བདེ་སྟོང་སྤྲོ་བས་ཁེངས་ནས། །

ཀུན་སེམས་བདེ་བའི་གནས་སུ་འཁྲིད་པ། །

འབའ་ཡུལ་སྲས་མོས་ཡི་རང་བྱེད་འདོད། །

 
 
འབྲེལ་ཡོད་ནང་དོན་ 11 ཡོད།<<<12>>>
བཟོ་མཁན། ལྡོང་བླ།
Powered by Oblog.