
ཚོར་སྣང་ལ་བཏུས་ལུང་བཏུས།
རྫ་ཆུའི་གྲང་ངར།
དྲི་མེད་གོས་དཀར་གདན་དུ་བྱས་འདྲ་བའི།།
རབ་གཙང་ཁ་བའི་འདབ་མ་འབུམ་བརྩེགས་པ།།
གོ་ལའི་ཡང་རྩེར་འཕགས་པའི་རྫ་ཆུའི་ཁར།།
འགྲོ་འདུག་བར་ནས་ལྷགས་པས་ཁེངས་པར་བྱེད།།
༢༠༠༨་༣་༥ཉིན།
དབོན་པོའི་ཚོམས་ཁང་།
མེས་པོའི་གཏམ་རྒྱུད་རུམ་པའི་ཚོམས་ཆེན་ཞིག།
གཤེད་མའི་མདའ་ཤུལ་ཁུར་ནས་ཀྲོང་ངེར་འགྲེང་།།
ལོ་ཟླའི་གཙང་བོ་བཞུར་བའི་ཁུགས་སོ་ནས།།
རྔོན་པའི་ཆུང་མ་བཞིན་དུ་སུ་ལ་སྒུག།
༢༠༠༨་༢་༢༧་ཉིན།
ཚུལ་ཁྲིམས་ཉི་མ།
མཛེས་པའི་སྐྲ་ལོ་འཕྱིངས་ནས་ཕྱིང་བར་གྱུར།།
བཞིན་དང་ལག་པད་ནག་པོར་གྱུར་ཀྱང་རུང་།།
སྙིང་དུ་སྡུག་པའི་བུ་ཆུང་ཉི་མ་ལགས།།
ཁྱེད་ཀྱི་སྟེང་ན་ལྷད་མེད་དྭངས་གཙང་འཁྱིལ།།
༢༠༠༨་༣་༡་ཉིན།
ཚུལ་ཁྲིམས་ཉི་མ།
དལ་འཇམ་ལྷོད་ཀྱིས་འབབ་པའི་རྫ་ཆུ་ལ།།
ཐུན་མིན་ཆོས་ཤིག་ལྡན་པར་མ་མཐོང་སྟེ།།
ར་རིས་དྲི་མས་ཡོངས་བཏང་ཉི་མ་ཁྱོད།།
དྭངས་གཙང་ཆུ་ཤེལ་ཁམས་སུ་གྲུབ་པར་སྣང་།།
༢༠༠༨་༣་༡༧་ཉིན།
མ་བོས་མགྲོན་པོ།
གོ་ལ་རལ་སྙམ་བྱེད་པའི་སྒྱོགས་མདེལ་ཆར།།
མཛའ་གཅུགས་འོ་མའི་ཆབ་རྒྱུན་འདྲེས་པའི་སར།།
བཟོད་མེད་ཟུག་གཟེར་བདག་གི་སྙིང་ལ་སྟེ།།
མཐོང་བྱེད་ཡུལ་ལ་ཐ་དད་ཙམ་དུ་སྣང་།།
༢༠༠༨་༣་༡༥་ཉིན།
དྲི་བ།
ཚུལ་འདི་བཤད་ཀྱང་ཀུན་ཡིད་ཆེས་པར་དཀའ།།
ཁྲིམས་ཤིག་བཅོས་ཀྱང་དུངས་སེམས་ངང་གིས་ཤོར།།
ཉི་མ་རེ་རེར་མཐོང་ཡང་མི་ཚིམས་པས།།
མ་གཞི་ཁྱོད་ཉིད་བདག་གི་ཅི་ཞིག་ལགས།།
༢༠༠༨་༢་༡༩་ཉིན།
སོམ་ཉི།
མ་མཐོང་སྔར་ནས་གོམས་འདྲའི་བུ་ཆུང་ཞིག།
ཉི་མ་རྫ་ཆུའི་ཁ་རུ་དར་ཅིག་མཐོང་།།
ཁྲིམས་དང་ལ་རྒྱའི་མཚམས་ལས་འདས་པ་ཡི།།
ཚུལ་ལྡན་དཔའ་བོའི་རྣམ་ཤེས་ཡིན་ནམ་ཅི།།
༢༠༠༨་༣་༢༠་ཉིན།
ཉི་མར་ཕུལ་བའི་གྱེས་ཚིག
མ་བཅོས་སེམས་ཀྱི་རི་མོ་དགུ་ཚིག་མར།།
ཉི་ཤུའི་ལང་ཚོ་རྒྱས་དུས་གཟིགས་པར་འཚལ།།
ཁྲིམས་དང་ཕྱག་རྒྱས་བཏབ་འདྲའི་ལས་དབང་གི།
ཚུལ་ལ་བསམ་ཞིང་འཛད་མེད་སྙིང་གཏམ་བརྡོལ།།
༢༠༠༨་༣་༢༠་ཉིན།